༢༠༡༡ ཟླ་ ༧ ཚེས་ ༡༠ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡༠ རེས་གཟའ་པ་སངས་ཉིན་ཐོག་མར་༸གོང་ས་མཆོག་གིས་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་མེལ་བྷོན་ཁུལ་དུ་ཝི་ཏི་ནམ་ནང་པའི་དགོན་པ་གསར་པ་ཀང་མིན་(Quang Minh) དབུ་འབྱེད་མཛད། སྐབས་དེར་ཝི་ཏི་ནམ་ནང་པ་གྲངས་ ༡༥༠༠ ཙམ་གྱིས་མགོན་པོ་གང་ཉིད་མཆོག་ལ་དགའ་བསུའི་ཕེབས་བསུ་ཞུས་ཡོད། དེ་རྗེས་༸གོང་ས་མཆོག་དབུ་བཞུགས་་ཐོག་བོད་པའི་དགེ་འདུན་པ་རྣམས་ཀྱིས་སྨོནལམ་གསུང་འདོན་མཛད་གྲུབ་མཚམས་ཝི་ཏི་ནམ་དགེ་བཙུན་རྣམས་ཀྱིས་སྨོན་ལམ་གསུངས་ཡོད། དེ་ནས་མགོན་པོ་གང་ཉིད་མཆོག་གི་དབུ་འབྱེད་མཛད་སྒོ་དེར་ལམ་སྟོན་བཀའ་སློབ་སྩལ་དོན།
ནང་པ་ཡིན་ཞེས་སྨོན་ལམ་འདོན་རྒྱུ་ཙམ་གྱི་མི་ཆོག་པར་དུས་རབས་ ༢༡ ནང་པ་ཞིག་ཆགས་པར་ནང་ཆོས་ལ་སློབ་སྦྱོང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཕྱིའི་རྒྱུ་དངོས་པོ་ལས་ནང་སེམས་ཀྱི་ཞི་བདེ་གལ་ཆེ་བ་ཡིན་ཞེས་བཀའ་སློབ་སྩལ་གྲུབ་བསྟུན། ༸གོང་ས་་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་མེལ་བྷོན་ཁུལ་གྱི་ཕུཊ་སི་ཁེ་རེ་ (Footscray) ཞེས་པའི་ནང་གཞོན་སྐྱེས་ཉམ་ཐག་རོགས་སྐྱོབ་ཐེབས་རྩ་ཁང་དུ་ཆིབས་སྒྱུར་བསྐྱངས་ཏེ་གཞོན་སྐྱེ་ཚོར་མཇལ་ཁ་དང་བཀའ་སློབ་སྩལ་དོན། དོན་དམ་གྱི་ཡིད་ཆེས་དང་མཛའ་བརྩེའི་བསམ་པ་དེ་དངུལ་སྤྲད་ནས་ཉོ་རྒྱུ་མེད། ང་ཚོ་ཚང་མར་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་བསྐྱལ་རྒྱུའི་ནུས་པ་ཡོད་ཅེས་བཀའ་སྩལ་བ་དང་སྦྲགས། རོགས་སྐྱོབ་ཐེབས་རྩ་ཁང་གིས་ལས་དོན་ལ་མགོན་པོ་གང་ཉིད་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོས་བསྟོད་བསྔགས་མཛད་ཡོད་པ་མ་ཟད། རོགས་སྐྱོབ་ཐེབས་རྩ་ཁང་ལ་ཨ་སྒོར་འབུམ་གཅིག་གསོལ་རས་སྩལ་ཡོད། རོགས་སྐྱོབ་ཐེབས་རྩ་ཁང་དེར་གཞོན་སྐྱེས་ཕོ་མོ་ལོ་ ༦ ནས་ ༡༨ བར་ཡིན་པ་དང་ཁོང་རྣམས་ཀྱིས་༸གོང་ས་མཆོག་ལ་མི་ཚེའི་དགོས་དོན་ཇི་ཡིན་གྱི་དྲི་བ་མང་དག་ཅིག་ཕུལ་ཡོད་པར་མགོན་པོ་གང་ཉིད་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོས་བཀའ་ལན་མཛད། སྐབས་དེར་གསར་འགོད་དང གཞན་ཡང་མང་ཚོགས་མི་ཉུང་བ་ཞིག་མཇལ་ཞུར་ཅར་ཡོད། ཉིན་གུང་ལྗགས་སྨིན་གྲུབ་མཚམས་མགོན་པོ་གང་ཉིད་མཆོག་གིས་འབར་མ་དང་རྒྱ་ནག ཝི་ཏི་ནམ། ཨི་རི་ཊི་ཡ་བཅས་ནས་བསླེབས་པའི་སྐྱབས་བཅོལ་བ་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ།
ཕྱོགས་མཚུངས་མགོན་པོ་གང་ཉིད་མཆོག་གིས་མེལ་བྷོན་གྲོང་ཁྱེར་གྱི་གསར་འགོད་མཐུན་ཚོགས་ཤིག་ཏུ་ཆིབས་སྒྱུར་བསྐྱངས་ཏེ་བཀའ་སློབ་སྩལ་ཡོད་པ་མ་ཟད། ཧེ་རལ་ཌི་ (Herald) ཞེས་པའི་གསར་འགྱུར་བརྒྱུད་ལམ་གྱི་དྲི་བར་བཀའ་ལན་མཛད། སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་ཁོར་ཡུག་གནས་སྟངས་ཐོག་རྒྱལ་ཁབ་ཚང་མས་འགན་མཉམ་ཁུར་ཐོག་གོ་ལའི་ཚ་དྲོད་སྤེལ་མཁན་དུག་རླངས་ཉུང་དུ་གཏོང་ཐབས་བྱེད་དགོས་པ་ལས་ང་ཚོའི་རྒྱལ་ཁབ་ཀྱི་ཁེ་ཕན་ཡིན་ཞེས་ཁོར་ཡུག་ཡར་རྒྱས་ཀྱི་ལས་གཞི་དང་དུ་མ་བླངས་པར་གཞན་ལ་མཛུབ་མོ་འཛུགས་རེས་བྱེད་རྒྱུ་དེ་ནོར་འཁྲུལ་ཆེན་པོ་ཡིན། གང་ཡིན་བརྗོད་ན། རྒྱལ་ཁབ་ཚང་མ་འཛམ་གླིང་སྤྱི་ལ་དབང་བ་ཞིག་རེད། དེར་བརྟེན་གོ་ལའི་ཚ་དྲོད་རྒྱས་པ་སོགས་ལ་རྟེན་ནས་དཀའ་ངལ་འཕྲད་ཚེ་རྒྱལ་ཁབ་བྱེ་བྲག་པ་ཙམ་མིན་པར་འཛམ་གླིང་གི་མི་མང་ཚང་མར་དཀའ་ངལ་འཕྲད་ངེས་ཤིག་ཆགས་ཡོད།
དེ་སྔ་ཡིན་ན་སོ་སོའི་རྒྱལ་ཁབ་ཀྱི་ཁེ་ཕན་གཙིགས་ཆེ་ཤོས་སུ་འཛིན་སྲོལ་ཡོད་པ་དེའི་ཚེ་དེའི་དུས་འགྲིག་ཡོད་པའི་གནས་སྟངས་ཤིག་རེད། འོན་ཀྱང་ད་ལྟའི་དུས་སྐབས་སུ་རྒྱལ་ཁབ་ཚང་མ་ཕན་ཚུན་རྟེན་དགོས་པའི་གནས་སྟངས་ཤིག་ཆགས་པ་དེ་དངོས་ཡོད་གནས་ཚུལ་ཞིག་རེད་ཅེས་བཀའ་སྩལ།
ཉིན་དེའི་མཛད་འཆར་གྱི་མཐའ་མར་ཨོ་སི་ཊོ་ལི་ཡའི་ལྗང་ཁུ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་་ཨེ་་ཌམ་བྷན་(Adam Bandt) མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གསོལ་ཚིགས་འདེགས་འབུལ་ཞུས་ཡོད། སྐབས་དེར་ལྗང་ཁུ་ཚོགས་པའི་དབུ་ཁྲིད་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་བྷོབ་་བྷོ་རོན་(Bob Brown) མཆོག་ཀྱང་༸གོང་ས་མཆོག་དང་མཇལ་འཕྲད་གནང་སྟེ་གསུང་མོལ་མཛད་ཡོད་པ་བཅས།།