༢༠༡༡ ཟླ་ ༦ ཚེས་ ༨ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༨ ཉིན་༸གོང་ས་མཆོག་ནིའུ་ཛི་ལན་ཌིའི་ནང་དེ་སྔ་ས་ཡོམ་གྱི་གོད་ཆག་ཕོག་པའི་གྲོང་ ཁྱེར་ཁ་རི་སི་ཊི་ཆར་ཇིའི་ནང་གི་མཛད་འཕྲིན་རྣམས་ལེགས་པར་གྲུབ་སྟེ་ཕྱི་ཚེས་ ༩ སྔ་དྲོར་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་མེལ་བྷོན་གྱི་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས་མེལ་བྷོན་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་རྒྱ་གར་གཞུང་ཚབ་པ་མཆོག་དང་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་ལགས། དེ་བཞིན་ཨོ་སི་ཊོ་ལི་ཡའི་ནང་༸གོང་ས་མཆོག་གདན་ཞུ་ཚོགས་ཆུང་གི་ཚོགས་གཙོ་སྐུ་ ཞབས་ལེན་བྷེན་ (Lynn Bain) ལགས། ས་གནས་བོད་རིགས་ཁག་གཅིག་དང་སི་ཊོ་ལི་ཡའི་མི་རིགས་མི་ཉུང་བ་བཅས་ཀྱིས་ཕེབས་ བསུ་གཟབ་རྒྱས་ཞུས་ཡོད།
གནམ་ཐང་ནས་བཞུགས་གནས་མགྲོན་ཁང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་༸གོང་ས་མཆོག་ཨོ་སི་ཊོ་ལི་ཡའི་ཆིབས་སྒྱུར་གྱི་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམས་དང་ས་གནས་བོད་མི་རྣམས་ཀྱིས་ལག་ཏུ་སྤོས་སྣེ་དང་དཀར་གཙང་མཇལ་དར་ཐོགས་ཏེ་མཇལ་ཁ་ཞུས་ཐོག་བཀྲ་ཤིས་ཞོལ་པའི་འཁྲབ་སྟོན་གྱི་ལམ་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
དེ་རྗེས་ཉིན་རྒྱབ་༸གོང་ས་མཆོག་གིས་གསར་འགྱུར་བརྒྱུད་ལམ་སྙན་གྲགས་ཅན་སིཌ་ནི་སྔ་དྲོའི་བརྙན་འཕྲིན་(Sydney Morning Herald) དང་ཅན་ནལ་དགུ་པ་དང་བཅུ་པ་(Channel9) དང་ (Channel 10) བཅས་ལ་ཟུར་དུ་མཇལ་ཁ་སྩལ་ཏེ་གསར་འགོད་པའི་དྲི་བར་བཀའ་ལན་སྩལ། དེ་ནས་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་བརྙན་འཕྲིན་དང་རླུང་འཕྲིན་གྱི་གསར་འགོད་པ། རྒྱ་གར་གསར་འགོད་པ་སོགས་ཁྱོན་གསར་འགོད་པ་གྲངས་ ༨༠ ཙམ་ལ་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་ཐོག་༸གོང་ས་མཆོག་གིས་བཀའ་སློབ་ཕེབས་དོན། ངོས་ཀྱིས་དུས་རྒྱུན་དུ་འཛམ་གླིང་གི་ཆོས་ལུགས་མཐུན་སྒྲིལ་དང་འགྲོ་བ་མིའི་རིན་ཐང་གོང་འཕེལ་གཏོང་ཐབས་བྱེད་བཞིན་ཡོད། གསར་འགོད་པ་རྣམས་ནས་སྤྱི་ཚོགས་ནང་གི་དཔོན་པོ་དང་ཆབ་སྲིད་པ། ཆོས་ལུགས་ཁག་གི་བླ་སྤྲུལ་སོགས་ཀྱི་རྒྱབ་མདུན་གཉིས་ཀ་མཐོང་ཐུབ་བྱེད་དགོས། དེ་བཞིན་སྤྱི་ཚོགས་ནང་ལྐོག་ཟ་རུལ་སུངས་དང་རྙོག་གྲ་སེལ་ཐབས་བྱེད་རྒྱུ་གལ་ཆེན་པོ་ཡིན་ཞེས་བཀའ་སློབ་སྩལ། སྐབས་དེར་གསར་འགོད་པ་ཞིག་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་ད་ཐེངས་འདི་གར་ཆིབས་སྒྱུར་སྐྱོང་སྐབས་ཨོ་སི་ཊོ་ལི་ཡའི་སྲིད་བློན་མཆོག་དང་མཇལ་འཕྲད་མ་བྱུང་དེར་ཐུགས་ཕམ་བྱུང་ཡོད་མེད་ཀྱི་དྲི་བར་མགོན་པོ་གང་ཉིད་མཆོག་གིས་བཀའ་ལན་སྩལ་དོན། ངོས་ལ་བློ་ཕམ་གང་ཡང་མ་བྱུང་། གལ་སྲིད་ངོས་རང་སྲིད་བློན་མཆོག་དང་ལྷན་གྲོས་བསྡུར་བྱེད་རྒྱུའི་ཆབ་སྲིད་ཀྱི་གནད་དོན་ཡོད་ཚེ་ངོས་དང་ཐུག་འཕྲད་མ་བྱས་ན་བློ་ཕམ་ཡོང་ངེས་ཡིན། འོན་ཀྱང་ངོས་ལ་དེ་འདྲ་རྩ་བ་ནས་མེད། སྔོན་མ་ངོས་རང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དང་སྦར་སི་སོགས་ལ་ཆབ་སྲིད་ཀྱི་གནད་དོན་དེ་འདྲའི་ཐོག་གནད་ཡོད་མི་སྣ་མང་དག་ཅིག་དང་ཐུག་འཕྲད་བྱེད་མྱོང་ཡོད། དེང་སྐབས་ངོས་རང་གི་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་མི་མང་ནས་ཐད་ཀར་འོས་འདེམས་བྱས་པའི་འགོ་ཁྲིད་ཚོར་རྩིས་སྤྲོད་བྱས་ཟིན་སྟབས། ངོས་ལ་རང་དབང་ཆེན་པོ་ཐོབ་བྱུང་ཞེས་ཞལ་ཤོབ་དང་སྦྲགས་བཀའ་ལན་སྩལ་ཡོད།
ཡང་ཨེ་པི་གསར་ཁང་གི་གསར་འགོད་པ་ཞིག་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་རྒྱ་ནག་དགྲ་བོར་ངོས་འཛིན་མཛད་ཀྱི་ཡོད་མེད་བཀའ་དྲི་ཞུས་པར། མགོན་པོ་གང་ཉིད་མཆོག་གིས་བཀའ་ལན་སྩལ་དོན། ལྟ་བ་མཁྲེགས་པོ་འཛིན་མཁན་གྱི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཁག་གཅིག་གིས་བོད་མི་ཚོར་སྡུག་སྦྱོང་ཚད་མེད་གཏོང་བཞིན་པ་ལས་རྒྱ་ནག་སྤྱི་ཡོངས་ནས་དེ་ལྟར་བྱེད་ཀྱི་ཡོད་པའི་ངོས་འཛིན་བྱེད་ཀྱི་མེད། ལྟ་བ་མཁྲེགས་བཟུང་ཅན་གྱི་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོས་བོད་མི་རྣམས་ལ་སྡུག་སྦྱོང་ཇི་ཙམ་བཏང་ཡང་དེར་ཁོང་ཁྲོའི་རང་བཞིན་ཐོག་ནས་ལྟ་སྟངས་བཟུང་ཚེ་དཀའ་ངལ་སེལ་ཐབས་མེད། ང་ཚོས་རྒྱ་ནག་གཞུང་གི་གདུག་རྩུབ་ཀྱི་བྱ་སྤྱོད་དེ་དག་ལ་བྱམས་བརྩེ་དང་བཟོད་བསྲན་བྱེད་དགོས། སྤྱིར་བཟོད་སྒོམ་གྱི་ཀུན་སློང་ཐོག་ནས་དོན་དམ་གྱི་དཀའ་ངལ་སེལ་མ་ཐུབ་ནའང་ནང་སེམས་ལ་བདེ་སྐྱིད་བསྐྲུན་རྒྱུར་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་ཅེས་བཀའ་ལན་སྩལ་ཡོད། དེ་བཞིན་བཙན་བྱོལ་བོད་མིའི་མང་གཙོའི་བྱུང་རིམ་དང་འགྲོ་བ་མིའི་རིན་ཐང་གོང་མཐོར་གཏོང་རྒྱུའི་མཛད་ཁུར། ཀུན་ཁྱབ་འགན་ཁུར་བཅས་ཀྱི་གནད་དོན་ཐོག་གི་དྲི་བར་བཀའ་ལན་ཞིབ་ཕྲ་སྩལ།
གཞན་ཡང་སྐབས་དེར་ཨོ་སི་ཊོ་ལི་ཡའི་སྤོ་ལོ་རྩེད་མཁན་སྙན་གྲགས་ཅན་སྐུ་ཞབས་ཧེ་རི་ཨོ་བ་རན་ལགས་ཀྱིས་༸གོང་ས་མཆོག་ལ་སྤོ་ལོ་ཞིག་དང་རྩེད་མོའི་རུ་ཁག་གི་སྟོད་ཐུང་ཞིག་ཀྱང་ཕྱག་རྟགས་སུ་འབུལ་ལམ་ཞུས།
ཐེངས་འདིའི་མགོན་པོ་གང་ཉིད་མཆོག་གི་མཛད་འཆར་གཙོ་བོ་ཆོས་འབྲེལ་དང་མང་ཚོགས་ལ་བཀའ་སློབ་སྩལ་རྒྱུ་སོགས་ཡིན་ཡང་ཨོ་སི་ཊོ་ལི་ཡའི་སྲིད་གཞུང་གི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཊོ་ནི་ཨ་བྷོཊ་(Tony Abbot)མཆོག་གིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་ཨོ་སི་ཊོ་ལི་ཡའི་གསར་ཤོག་(Sydney Morning Herald)ཞེས་པའི་ནང་ཐོན་ཡོད།
དེ་ཡང་མགོན་པོ་གང་ཉིད་མཆོག་གི་གྲོང་ཁྱེར་མེལ་བྷོན་དུ་མཛད་རིམ་ལྟར་ན་ཕྱི་ཚེས་ ༡༡ ནས་ ༡༣ བར་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་གི་བཀའ་ཆོས་སྩལ་རྒྱུ་ཡིན་འདུག་པ་བཅས། །