༢༠༡༡ ཟླ་ ༥ ཚེས་ ༢༡ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢༡ རེས་གཟའ་སྤེན་པའི་སྔ་དྲོ་རྡ་སྟེང་བོད་ཁྱིམ་ཚོགས་ཁང་དུ་ཕྱི་ནང་གི་གསར་འགོད་པ་མི་གྲངས་ ༣༠ ཙམ་ལ་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་སྐོར་གསར་འགོད་གསལ་བསྒྲགས་གནང་དོན། ཁྱེད་རྣམ་པས་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་དབུ་འབྱེད་མཛད་སྒོ་དངོས་སུ་གཟིགས་ཐུབ་ཡོད། ཚོགས་འདུ་འདིར་འཛམ་གླིང་ས་ཕྱོགས་གང་ས་ནས་བོད་པའི་ཚོགས་པ་ཁག་གི་སྐུ་ཚབ་མི་གྲངས་ ༤༡༨ ཙམ་ཕེབས་ཡོད་པའི་ནང་ནས་མི་གྲངས་ ༤༥ ཙམ་དང་བླང་ཐོག་ཕེབས་ཡོད།
ཚོགས་ཐེངས་རེར་ཆུ་ཚོད་ ༡།༣༠ ཙམ་འཕར་སྣོན་བྱས་ཏེ་ཚོགས་ཆེན་ཉིན་གསུམ་སྟེང་ད་དུང་ཉིན་གཅིག་འཕར་འགྱངས་བྱས་ཡོད།
ཚོགས་བཅར་བ་མི་གྲངས་ ༤༡༨ ཕེབས་པ་རྣམས་ཚོགས་ཆུང་བཅུར་ཆ་བགོས་ཀྱིས་ཉིན་དང་པོ་དང་གཉིས་པའི་དགུང་ཚིགས་བར་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་སྔོན་གླེང་རྒྱབ་གཉེར་སྙན་ཐོ་ནང་གསལ་སྔོན་གླེང་དང་། དོན་ཚན་དང་པོའི་ཚིག་དོན་ལ་གོ་བསྡུར་དང་འབྲེལ་བའི་༸གོང་ས་མཆོག་ལ་གསོལ་འདེབས་ཞུ་ཕྱོགས་སྐོར་གྲོས་བསྡུར་བྱེད་རྒྱུ་ཡིན་པ་དང་། ཉིན་གཉིས་པའི་ཉིན་རྒྱབ་ཚོགས་ཆུང་སོ་སོའི་ནང་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་སྙན་ཐོའི་དོན་ཚན་གཞན་ཐོག་བགྲོ་གླེང་གནང་རྒྱུ་ཡིན་ཞེས་གསུངས། དེ་རྗེས་གསར་འགོད་པའི་དྲི་བར་ལན་འདེབས་གནང་དོན། ད་ལྟའི་བཅའ་ཁྲིམས་དོན་ཙན་ ༡༩ པའི་འོག་༸གོང་ས་མཆོག་གི་སྐུ་དབང་དང་འབྲེལ་བའི་དོན་ཚན་ ༩ ཡོད་པའི་དོན་ཚན་དང་པོ།
༡༽ སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་ཁྲིམས་ཡིག་འཆར་ཟིན་དང་། སྒྲིག་གཞི་ཁག་ལ་ཆོག་མཆན་དང་གསལ་བསྒྲགས།
དོན་ཚན་འདིའི་ཐོག་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ནང་གསལ་དོན། སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་ཁྲིམས་ཡིག་དང་། སྒྲིག་གཞི་ཁག་གསལ་བསྒྲགས་དང་ལག་བསྟར།
༢༽ ཁྲིམས་ཀྱི་ནུས་ཤུགས་ལྡན་པའི་ཁྲིམས་ཡིག་དང་། བཀའ་རྩ་ཁྱབ་བསྒྲགས།
བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ནང་སྐུ་དབང་འདི་ཕྱིར་བསྡུ་གནང་སྟེ་མ་འོངས་པར་གནས་སྟངས་དེ་འདྲ་འཕྲད་ཚེ་དམིགས་བསལ་གྲོས་ཚོགས་བསྐོང་ཚོགས་གནང་རྒྱུ།
༣༽ བྱས་རྗེས་གཟེངས་རྟགས་དང་། གོ་མིང་བདག་རྐྱེན།
བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ནང་སྐུ་དབང་འདི་བཀའ་བློན་ཁྲི་པར་ཕུལ་ཡོད།
༤༽ སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་འཕར་འགྱངས་དང་། བར་མཚམས་འཇོག་པ། གྲོལ་བ། བསྡུ་བསྐོང་།
བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ནང་སྐུ་དབང་འདི་བཞིན་ཕྱིར་བསྡུ་བྱས་ཏེ་སྤྱི་འཐུས་རྒྱུན་ལས་ཀྱི་ཐག་གཅོད་ལ་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་གྱིས་རྒྱབ་གཉེར་གནང་རྒྱུ།
༥༽ དགོས་གལ་ནམ་བྱུང་ལ་༸གོང་ས་མཆོག་གི་སྤྱི་འཐུས་ལྷན་ཚོགས་སུ་བཀའ་སློབ་དང་། གསུང་འཕྲིན་སྩལ་རྒྱུ།
བཅའ་ཁྲིམས་སྐྱར་བཅོས་ཟིན་བྲིས་ནང་སྐུ་དབང་འདི་ཕྱིར་བསྡུ་བྱས་ཡོད་ཀྱང་། བཅའ་ཁྲིམས་བསྐྱར་བཅོས་ཀྱི་དོན་ཚན་དང་པོའི་ནང་དགོས་གལ་ནམ་བྱུང་ལ་༸གོང་ས་མཆོག་སྐུ་སྒེར་ནས་དགོས་གལ་གཟིགས་པ་དང་། ཡང་ན་སྤྱི་འཐུས་ལྷན་ཚོགས་ཀྱིས་༸གོང་ས་མཆོག་ལ་གསོལ་འདེབས་ཞུས་ཐོག་སྤྱི་འཐུས་ལྷན་ཚོགས་སུ་ལས་དོན་སྙན་ཞུ་དང་། བཀའ་སློབ། གསལ་བཤད་མཛད་རྒྱུ།
༦༽ སྤྱི་འཐུས་ལྷན་ཚོགས་འཕོ་འགྱུར་དང་། ལས་དོན་བར་མཚམས་འཇོག་རྒྱུ་དེ་ཡིན། ང་ཚོས་འཛམ་གླིང་རྒྱལ་ཁབ་འདྲ་མིན་གྱི་རྩ་ཁྲིམས་ནང་དོན་ཚན་དེ་ལག་བསྟར་བྱེད་ཕྱོགས་འདྲ་མིན་ཡོད་པ་རྣམས་ལ་ཟབ་སྦྱོང་བྱས་ཡོད། རྒྱལ་ཁབ་འགའ་རེའི་ནང་གྲོས་ཚོགས་ཀྱིས་རྩ་ཁྲིམས་ནང་འཁོད་པའི་ཁྲིམས་ལུགས་རྣམས་ལག་བསྟར་མ་ཐུབ་པའི་གནས་སྟངས་བྱུང་ཚེ་གྲོས་ཚོགས་རང་བཞིན་གྱིས་འཕོ་འགྱུར་འགྲོ་བཞིན་ཡོད། འོན་ཀྱང་ང་ཚོའི་གནས་སྟངས་མི་འདྲ་བ་ཞིག་ཡོད་པར་བརྟེན་བཅའ་ཁྲིམས་སྐྱར་བཅོས་ཟིན་བྲིས་ནང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གསུམ་དང་བཀའ་ཤག་ལྷན་རྒྱས། སྤྱི་འཐུས་ལྷན་ཚོགས་བཅས་ཕྱོགས་བསྡོམས་མང་མོས་བརྒྱ་ཆ་བཞི་ཆ་གསུམ་གྱིས་གྲོས་ཚོགས་འཕོ་འགྱུར་གཏོང་ཆོག
༧༽ བཀའ་ཤག་གམ། བཀའ་བློན་སུ་རུང་འཕོ་འགྱུར། བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ནང་རྒྱལ་ཁབ་ཀྱི་གཙོ་འཛིན་མེད་པར་བརྟེན་སྤྱི་འཐུས་ལྷན་ཚོགས་ནང་མང་མོས་བརྒྱ་ཆ་གསུམ་ཆ་གཉིས་ཀྱིས་བཀའ་ཤག་གམ། བཀའ་བློན་ཁྲི་པ་བཀའ་བློན་སུ་རུང་འཕོ་འགྱུར་གཏོང་ཆོག
༨༽ ཛ་དྲག་དང་། གལ་ཆེའི་དམིགས་བསལ་ཚོགས་འདུ་བསྡུ་བསྐོང་།
ད་ལྟའི་བཅའ་ཁྲིམས་དོན་ཚན་ ༥༩ ནང་བཀའ་ཤག་དང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་ལྷན་རྒྱས་སྤྱི་མོས་ཐོག་གལ་ཆེའི་དམིགས་བསལ་ཚོགས་འདུ་བསྡུ་བསྐོང་ཆོག
༩༽ དོན་གནད་གལ་ཆེ་འགའ་རེའི་སྐོར་ལ་བཅའ་ཁྲིམས་གཞིར་བཟུང་མང་ཚོགས་ལ་མང་མོས་ཐག་གཅོད་འོས་བསྡུ་བྱེད་འཐུས་ཀྱི་བཀའ་ཁྱབ་སྩལ་རྒྱུ་བཅས་ཡིན། བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ནང་། སྤྱི་འཐུས་གྲོས་ཚོགས་ཚུགས་བཞིན་པའི་སྐབས་མང་མོས་གསུམ་ཆ་གཉིས་ཀྱིས་ཐག་གཅོད་གནང་རྒྱུ་དང་། གལ་ཏེ་གྲོས་ཚོགས་མ་ཚོགས་པའི་སྐབས་བཀའ་བློན་ལྷན་རྒྱས་ཀྱི་མང་མོས་བརྒྱ་ཆ་གསུམ་ཆ་གཉིས་དང་། སྤྱི་འཐུས་རྒྱུན་ལས་ལྷན་རྒྱས་ནས་བརྒྱ་ཆ་གསུམ་ཆ་གཉིས་ཀྱི་ཐོག་ནས་ཐག་གཅོད་གནང་ཆོག་ཅེས་སོགས་ཀྱི་གསལ་བཤད་གནང་།