༢༠༡༡ ཟླ ༤ ཚེས ༡༡ ལ།
ཤར་ཕྱོགས་ཁུག་རྟ།
༧གོང་ས་སྐྱབས་མགོན་ཆེན་པོས་ཆབ་སྲིད་དང་འཛིན་སྐྱོང་གི་འགན་དབང་མི་བཞེས་ རྒྱུའི་ཐུགས་ཐག་བཅད་པ་ནས། ད་བར་བརྒྱུད་ལམ་འདྲ་མིན་ནས་དེའི་ཐད་བསམ་ཚུལ་སྣ་ཚོགས་ཐོན་ཡོད། ང་ཚོས་རྒྱ་ནག་དམར་གཞུང་གི་ཆེད་འཛུགས་དྲ་བ་དང་སྒོར་ཟུར་ལྔ་པ་ཚོའི་བྱེད་ལས་ལ་ ཞིབ་ཏུ་ལྟོས་པ་ཡིན། བཙན་འོག་ནས་བྲོས་བྱོལ་དུ་ཡོང་པའི་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་རྒྱ་རིགས་ གཟུར་གནས་ཚོས་བརྗོད་ན། ད་བར་སྒོར་ཟུར་ལྔ་པའི་གྲངས་ འབོར་འབུམ་བཅུ་ལས་བརྒལ་ཡོད་པར་བྱེད་ཀྱི་ཡོད། ཁོ་པ་ཚོའི་ལས་ཀ་ནི་དྲ་རྒྱར་རྫུན་མ་བཤད་པ་དང་། ཕུང་དཀྲུག་རྒྱག་པ། གུང་བྲན་ཏང་གི་སྲིད་བྱུས་ལ་ངོ་བསྟོད་རྒྱབ་ནས་གྲངས་ཉུང་མི་རིགས་རྣམས་ལ་མ་ ཉེས་ཁ་གཡོག་བྱེད་རྒྱུ་དང་། མདོར་དེད་ན་གཞན་གྱི་ལོངས་སྤྱོད་དང་བདག་དབང་འཕྲོག་རྒྱུའི་མཐུན་རྐྱེན་སྟེ། དམངས་ཁྲོད་ལ་རྫུན་གཏམ་ལན་གྲངས་འབུམ་ཐེར་དུ་སྨྲ་རྒྱུ་དེ་རེད་ཟེར། སྐད་ཆ་འདི་ཐོས་པས་འཛམ་གླིང་མི་མང་དང་ལྷག་པར་བོད་ཐེ་བས་གྲངས་ཉུང་མི་རིགས་པ་ རྣམས་སྒོར་ཟུར་ལྔ་པ་ཚོའི་བྱེད་ལས་ལ་ངེས་ཆ་ཐོབ་ཁར། དེ་དག་ལ་བདག་སྤྲོད་བྱེད་དགོས་རྩད་ནས་མ་མཐོང་བས་ཚོར་ཤུགས་གོང་དུ་འཕེལ་བར་ གྱུར།
༧སྤྱི་ནོར༧གོང་ས་སྐྱབས་མགོན་ཆེན་པོས་མང་གཙོ་ཡོངས་སུ་རྫོགས་ཕྱིར་དང་། བརྒྱུད་པའི་དབང་འཛིན་ལམ་ལུགས་རྣམས་མཇུག་རྫོགས་པའི་དུས་ཀྱི་འགྱུར་འགྲོས་ལ་ དངོས་ཡོད་གནས་ཚུལ་གྱིས་ངོས་ལེན་བྱས་ཏེ། ༧གོང་ས་ལྔ་པ་ཆེན་པོ་ནས་དབུ་བརྙེས་པའི་བོད་གཞུང་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་ འགན་དབང་ཡོངས་སུ་མི་མང་ལ་སྤོབས་པ་ཆེན་པོས། བྱས་རྗེས་ཆེན་པོའི་ཁུར་གྱིས་དུད་དེ་རྩིས་སྤྲོད་གནང་པ་ནི། བོད་མི་མང་ཕ་ཡུལ་བཙན་ཟོས་ཀྱིས་ས་མཐར་གྱར་ནའང་། ཕ་ཡུལ་གྱི་རང་དབང་གསོ་པའི་སྙིང་སྟོབས་གོང་ན་མེད་པ་དེ་རེད་ལ། མི་རིགས་འདིའི་རང་དབང་འཐབ་རྩོད་ཀྱི་ལོ་རྒྱུས་ནང་། ཁོང་ནི་སྔར་ལས་སུས་ཀྱང་ཚབ་མཚོན་མི་ཐུབ་པའི་བོད་མི་ཚོའི་བསམ་བློའི་གཙོ་འཛིན་ དུ་གྱུར་པའི་རྒྱུ་དངོས་གནས་པ་དེའང་རེད། ཁོང་གི་ལྡོག་ཏུ་མེད་པའི་བཀའ་ལྟར་བཅའ་ཁྲིམས་ནང་གི་འགན་དབང་བསྒྱུར་བཅོས་བཏང་ ཡང་། དེས་འཛམ་གླིང་མི་མང་གི་མདུན་ས་དང་། མིའི་རིགས་ཀྱི་ལོ་རྒྱུས། ཁོང་གི་བོད་མི་ཚོའི་སེམས་ནང་ཅི་ཙམ་གྱི་བདེན་པ། ཅི་ཙམ་གྱི་བརྩེ་དུངས་། ཙི་ཙམ་གྱི་བྱམས་བརྩེ། ཅི་ཙམ་གྱི་གནས་ལུགས་བསྐྲུན་མེད་དམ། དེ་ལ་སུས་ཀྱང་ཚད་གཟུང་དུ་ཡོད་དམ། བྱ་སྤྱོད་འདིས་ཁོང་ཉིད་དོན་དམ་གྱིས་སྤྱན་རས་གཟིགས་ཟེར་པའི་ལྷ་དེའི་ནང་དོན་ ངོ་མར་གྱུར་ཡོད་པས། རྒྱ་ནག་གཞུང་གི་སེམས་ཁྲལ་ནི་རི་བོ་ལས་ཀྱང་ཇེ་ཆེར་འགྲོ་རྒྱུ་ནི་སུས་ཀྱང་ མཐོང་ཐུབ་པ་ཞིག་རེད་ལ། ཁོ་པ་དག་གིས་༧གོང་ས་མཆོག་གིས་སྲིད་དོན་རྩེད་མོ་རྩེད་ཀྱི་འདུག་ཅེས་འུད་ཤོབ་ རྒྱགས་བཞིན་འདུག གལ་སྲིད་ཆབ་སྲིད་འགན་དབང་མི་མང་ལ་གནང་རྒྱུ་འདི། རྩེད་མོ་ཞིག་ཡིན་ན། གཡོ་སྒྱུ་ཞིག་ཡིན་ན་དེས་རྒྱ་ནག་གཞུང་ཞལ་མི་འདོད་བཞིན་གྲགས་དགོས་ཆགས་པ་ག་རེ་ ཡིན་ནམ།
ལོ་རྒྱུས་ཀྱི་བརྒྱུད་རིམ་ནང་མི་རིགས་ཚང་མས་སྐབས་དུས་གནས་སྟངས་དང་འཚམས་ པའི་སྲིད་དབང་བསྐྱངས་པ་ནི། སྟོབས་ཆེན་རྒྱལ་ཁབ་ཨ་རི་དང་། མང་གཙོ་ཅན་གྱི་རྒྱ་གར། ཟོག་རྫུ་ཆེ་བའི་རྒྱ་ནག་བཅས་ཀྱི་རྒྱལ་རབས་ལས་ཤེས་ཐུབ་ལ། ༧གོང་ས་ལྔ་པ་ནས་ད་བར་ཡོང་པའི་མི་ལོ་ ༣༦༩ རིང་གི་བོད་ཀྱི་སྲིད་དབང་ལམ་ལུགས་ཀྱིས་ཡུལ་དུས་གནས་བབ་དང་མཐུན་པའི་བོད་མི་ མང་གི་འཚོ་གནས་ལ་ལྷག་བསམ་རྣམ་དཔྱོད་གཉིས་ཀས་འགན་ཁུར་བྱས་ཡོད་ལ། བོད་མི་ཚོར་ད་ལྟ་རང་དབང་མེད་ཀྱང་། མང་གཙོ་དང་དྲང་བདེན། བྱམས་བརྩེ། རྒྱུ་འབྲས། སྙིང་རྗེ་ཅན་གྱི་མི་གཤིས་ཤིག་ཏུ་གྲུབ་ཡོད་པ་འདི་རྒྱ་ནག་དང་བསྡུར་ན་བར་ཁྱད་ གནམ་ས་ལྟ་བུ་ཤོར་ཡོད། འཇིག་རྟེན་གྱི་དོན་དམ་གྱི་སྙིང་བོ་དང་བདེ་སྐྱིད་ལོངས་སུ་སྤྱོད་རྒྱུའི་རིག་ གནས་མ་ལག་བོད་མི་ཚོར་ཆ་ཚང་བ་ཞིག་ཡོད་ལ། མ་ལག་འདིའི་བྱེད་པོ་མཆོག་ཏུ་གྱུར་བ་ཞིག་ཁྱེད་ཚོས༧ཏཱ་ལར་འབོད་པའི་སྐྱེས་ཆེན་ འདི་ཡིན་པས། བོད་གཞུང་དགའ་ལྡན་ཕོ་བྲང་གི་མཛད་རྗེས་ཉི་ཤར་སྦར་མོས་ནམ་ཡང་འཁེབས་ཐབས་བྲལ་བ་ ཞིག་རེད།
འཆར་ཟླའི་ནང་མི་མང་གི་སྐུ་ཚབ་དངོས་གནས་པ་ཚོས་མང་གཙོའི་ཐོབ་ཐང་ལོངས་སུ་ སྤྱད་དེ་ཁོང་གི་ཆབ་སྲིད་འགན་དབང་མི་བཞེས་རྒྱུའི་དགོངས་བཞེས་སྐོར་ལ་གྲོས་ བསྡུར་བྱེད་རྒྱུ་རེད། དེ་ནི་བསྡད་ས་གཞན་ལ་གཡར་ཡང་། རང་དབང་དང་མང་གཙོ། ཤེས་ཡོན་གྱི་རྩ་བ་བརྟན་པོ་ཚུགས་པའི་བཙན་བྱོལ་བོད་མིའི་རང་དབང་སླར་གསོའི་ལས་ རིམ་ཡིན་པས། ཁྱེད་ཚོ་ཞེ་འདར་ན་རྫུན་གྱིས་བཅོས་སྒྲིག་བྱེད་པའི་རང་སེམས་རང་གིས་གསོ་ཐབས་ འདི་བཞག་སྟེ། མིའི་རིགས་ཀྱི་ལོ་རྒྱུས་ནང་གུང་བྲན་ཏང་ལ་བྱས་རྗེས་ཤིག་བཀོད་འདོད་ན། འདི་འང་གོ་སྐབས་ཤིག་ཡིན་སྲིད་པ་རེད།