༢༠༡༡ ཟླ་ ༥ ཚེས་ ༢༤ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢༣ རེས་གཟའ་ཟླ་བའི་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་རྒྱ་གར་རྒྱལ་སྤྱིའི་ལྷན་ཁང་གི་ཚོགས་ཁང་ཆེན་མོའི་ནང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པས་ (Core Group For Tibetan Cause) གོ་སྒྲིག་འོག་རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༥༡ ལོར་བོད་མི་ཚོར། བཙན་དབང་འོག་བཞག་པའི་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་དེས་བོད་ལ་བཅིངས་འགྲོལ་བཏང་བ་ཡིན་ནམ་བཙན་འཛུལ་བྱས་པ་ཞིག་ཡིན། (17-Point Agreement: Liberation or Occupation of Tibet) ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་ཡོད། སྐབས་དེར་ཇེ་ཨེན་ཡ་གཙུག་ལག་སློབ་གྲྭའི་གཞུང་འབྲེལ་དང་གོ་མཚོན་ཕྱིར་བསྡུའི་སློབ་ཚན་གྱི་གཙུག་ལག་སློབ་དཔོན་སྐུ་ཞབས་ས་བ་རན་སིངྒ་ (Dr. Swaran Singh) མཆོག་དང་རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་རྩོད་པ་སྐུ་ཞབས་ན་རེ་ཤི་མ་ཐུར་ (Naresh Mathur) མཆོག རྒྱ་ནག་ཐོག་དཔྱད་ཞིབ་པ་སྐུ་ཞབས་བྷ་ཤི་ཀར་རའོ་ (Dr. Bhaskar Roy) མཆོག་བཅས་ཡིན་འདུག ཚོགས་འདུའི་སྐབས་སྐུ་མགྲོན་གཙོ་བོ་ནི་འབྲུག་དང་ཨུ་ཛི་བྷེ་ཀི་སེ་ཐཱན། (Uzbekistan) ཏ་ཇ་ཀི་སི་ཐཱན། (Tajikistan) ཏུར་མེ་ནི་སི་ཐཱན་ (Turkmenistan) བཅས་ཀྱི་ནང་རྒྱ་གར་གཞུང་གི་སྐུ་ཚབ་གནང་མྱོང་མཁན་གཞུང་ཚབ་ཟུར་པ་སྐུ་ཞབས་དེ་ལིབ་མེ་ཏཱ་ (Dalip Mehta) མཆོག་ཡིན་འདུག སྐབས་དེར་སྐུ་ཞབས་དེ་ལིབ་མེ་ཏཱ་མཆོག་གིས་གསུང་དོན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཆེད་དབུ་མའི་ལམ་གྱི་སྲིད་བྱུས་འདོན་གནང་མཛད་པ་དེ་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་རྒྱ་ལས་བརྒལ་བ་ཞིག་གཏན་ནས་ཆགས་མེད་སྟབས། རྒྱ་ནག་གཞུང་གིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་མཚན་སྨད་ཞུ་རྒྱུ་དེར་ང་རང་ཡ་མཚན་སྐྱེས་བྱུང་། གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་དེ་ངོ་ཐོག་རྒྱ་ནག་གཞུང་གིས་ལག་ལེན་མ་བསྟར་བ་དེས་རྒྱ་ནག་གཞུང་གིས་མགོ་གཉིས་འཁྲབ་པ་ཞིག་རེད་ཅེས་གསུངས། གཞན་ཡང་སྐབས་དེར་སྐུ་ཞབས་བྷ་ཤི་ཀར་རའོ་མཆོག་གིས་གྲོས་མཐུན་དོན་ཚན་བཅུ་བདུན་མ་བཞག་སྔོན་བོད་རྒྱ་གཉིས་དབར་ལོ་རྒྱུས་ཀྱི་འབྲེལ་བ་ཇི་ཡིན་སྐོར་གསལ་བཤད་གནང་བ་དང་སྦྲགས། རྒྱ་ནག་གཞུང་གིས་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་སྐོར་བརྗོད་པ་དེ་གཞི་རྟེན་མེད་པ་ཞིག་ཡིན་ཞེས་གསུངས་ཡོད་པ་བཅས།།
རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་འོག་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་དེས་བོད་ལ་བཅིངས་འགྲོལ་བཏང་བ་ཡིན་ནམ་བཙན་འཛུལ་བྱས་པ་ཞིག་ཡིན་ཞེས་པའི་བགྲོ་གླེང་ཚོགས་པ།
གསར་གནས།
འབྲེལ་གནས།