༢༠༡༡ ཟླ་ ༥ ཚེས་ ༦ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༦ ཉིན་རྡ་ས་གངས་སྐྱིད་གསོལ་ཐབས་ཚོགས་ཁང་དུ་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་བཙུགས་ཏེ་ལོ་བཅུ་འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༩ ཐོག་སྐུ་མགྲོན་གཙོ་བོ་བཙན་བྱོལ་བོད་གཞུང་གི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཟུར་པ་ཀུལ་ཌིབ་ (Dr. Kuldeep. Agnihotri) ལགས། བཙན་བྱོལ་བོད་གཞུང་གི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ངག་དབང་ཐུབ་བསྟན་མཆོག དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དབུས་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་གི་ངེས་སྟོན་པ་བཀྲས་མཐོང་བསྟན་འཛིན་དགེ་བྱེད་ལགས་ཀྱིས་གཙོས་འགན་འཛིན་ལས་བྱེད་རྣམ་པ། འབྲེལ་ཡོད་རྒྱ་གར་བ་དང་ཟུར་སྐྱོང་ཚོགས་པ་ཁག་གི་སྐུ་ཚབ་བཅས་ཁྱོན་མི་གྲངས་ ༧༠ བརྒལ་བ་ལྷན་འཛོམས་ཐོག་སྐུ་མགྲོན་གཙོ་མཆོག་གིས་སྣང་གསལ་ཞལ་ཕྱེ་དང་འབྲེལ་གནས་ཆུང་དགེ་འདུན་རྣམས་ཀྱིས་ཤིས་བརྗོད་གསུང་གྲུབ་བསྟུན་གསོལ་ཇ་འབྲས་སིལ་ཕུལ། དེ་ནས་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་གིས་འགན་འཛིན་ཀརྨ་ལེགས་བཤད་ལགས་ཀྱིས་ལས་བསྡོམས་སྙིང་བསྡུས་ངོ་སྤྲོད་ཞུས་རྗེས་ངེས་སྟོན་པ་བཀྲས་མཐོང་བསྟན་འཛིན་དགེ་བྱེད་ལགས་ཀྱིས་འདས་པའི་ལོ་བཅུའི་ལས་དོན་གྲུབ་འབྲས་སྐོར་ལ་གསུང་བཤད་གནང་གྲུབ་མཚམས་སྐུ་མགྲོན་གཙོ་བོ་བཀའ་ཁྲི་མཆོག་གིས་གསུང་བཤད་གནང་དོན།
བཀུར་འོས་ཁྲིམས་པ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ཚོགས་པའི་ཚོགས་གཙོ་སོགས་འདི་གར་ཕེབས་པའི་རྣམ་པ་ཚང་མར་འཚམས་འདྲི་ཞུ་རྒྱུ་ཡིན། བོད་ཀྱི་རྙོད་རྩོད་འདུམ་སྒྲིག་ཁང་ནས་ཕྱག་ལས་གྲུབ་འབྲས་དང་ལྡན་པ་གནང་སྟེ། ལོ་བཅུ་འཁོར་བའི་རྗེས་དྲན་གྱི་གོ་སྐབས་འདིའི་ཐོག་ལ་བཅར་རྒྱུ་བྱུང་བར་བཙན་བྱོལ་བོད་གཞུང་བཀའ་ཤག་དང་ང་རང་སྒེར་གྱི་ངོས་ནས་ཁྱེད་རྣམས་ལ་དགའ་སེམས་འཁོལ་བའི་ངང་ནས་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྩོད་རྙོག་ཅེས་པ་དེ་འགྲོ་བ་མིའི་སྤྱི་ཚོགས་ནང་ལ་རང་བཞིན་གྱི་ཡོད་པ་ཞིག་རེད། རྩོད་རྙོག་མེད་པའི་སྤྱྲི་ཚོགས་ཤིག་ཕལ་ཆེ་ཡོང་མི་ཤེས་པ་ལྟ་བུ་རེད། སྤྱི་ཚོགས་བཟང་པོ་གང་འདྲ་ཞིག་ཡོང་མིན་དེ་བསམ་ཚུལ་དང་མཐོང་ཚུལ་མི་མཐུན་པའི་སྐབས་ལ་དེ་སེལ་ནས་སྡོམ་གང་འདྲ་རྒྱག་སྟངས་ཐོག་ལ་རག་ལུས་ཡོད་པ་རེད་སྙམ་གྱི་ཡོད། བྱེད་སྟངས་དེ་ཡག་པོ་ཞིག་ཡོད་ན་སྤྱི་ཚོགས་ཀྱི་དཔལ་ཡོན་ཡར་རྒྱས་ཕྱིན་པ་དང་། བྱེད་སྟངས་དེ་ཡག་པོ་ཞིག་མེད་ན་སྤྱི་ཚོགས་ཀྱི་དཔལ་ཡོན་ཡར་རྒྱས་མ་ཕྱིན་པ་ཞིག་ངོས་འཛིན་བྱེད་རྒྱུ་དེ་ཤར་ཕྱོགས་པའི་འཇིག་རྟེན་གྱི་ལྟ་ཚུལ་སྔོན་མ་ནས་དེ་འདྲ་ཞིག་ཡོད། ནུབ་ཕྱོགས་ཀྱི་འཇིག་རྟེན་པའི་ལྟ་ཚུལ་ལ་རྩོད་རྙོག་འདུམ་སྒྲིག་བྱེད་རྒྱུའི་ཚབ་ལ་རྒྱལ་ཕམ་གྱི་དབྱེ་བ་ཕྱེ་ནས་རྒྱལ་མཁན་དེས་ཕམ་མཁན་དེར་གནོན་ཤུགས་འོག་ནས་རང་གི་བསམ་ཚུལ་འགྲོ་རྒྱུའི་ཐབས་ཤེས་བྱེད་རྒྱུ་དེ་དུས་ཡུན་རིང་པོ་ཞིག་གི་བར་དུ་གནས་པ་རེད། འཇིག་རྟེན་ནང་དམག་ཆེན་གཉིས་བྱུང་རྗེས་རྒྱལ་ཕམ་གྱི་དབྱེ་མ་ཕྱེ་བར་ཕྱོགས་གཉིས་ཀར་མོས་མཐུན་ཡོད་པའི་ལམ་ཁ་ཞིག་གི་ཐོག་ནས་རྩོད་རྙོག་འདུམ་སྒྲིག་བྱེད་རྒྱུའི་ཐབས་ལམ་ཞིག་མ་འཚོལ་ཐབས་མེད་ཡིན་པའི་རང་བཞིན་གྱིས་བསམ་བློ་གཏོང་དགོས་བྱུང་བར་བརྟེན། དེ་སང་རྩོད་རྙོད་འདུམ་སྒྲིག་ཅེས་པར་དེར་ནུབ་ཕྱོགས་པས་བསམ་བློ་གཏོང་དགོས་པ་ཞིག་དང་སློབ་ཚན་ཞིག་གི་ནང་ཚུད་ཐུབ་པ་ཆགས་ཡོད། སློབ་ཚན་དེ་སློབ་ཚན་གཞན་ལ་ལྟོས་ན་གསར་པའི་རིག་གནས་ཤིག་རེད། ཅེས་སོགས་དང་། ཡང་བཀའ་ཁྲི་མཆོག་གིས་གསུང་དོན། གལ་ཆེན་རིག་གནས་དེ་ཁྱབ་སྤེལ་གཏོང་རྒྱུའི་ཆེད་དུ་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་ནས་ལོ་བཅུའི་རིང་ཕྱག་ལས་གནང་བ་དེས་གྲུབ་འབྲས་ཐོན་ཡོད་པ་གོང་དུ་ལས་བསྡོམས་ནང་གསུངས་པ་དེ་དག་ཧ་ཅང་ཡག་པོ་བྱུང་འདུག་པས་རྗེས་སུ་ཡི་རང་ཡོད། ད་དུང་མུ་མཐུད་ནས་ཕྱག་ལས་གནང་དགོས་པ་ཞིག་ཡིན། ལྷག་པར་ལྟེ་གནས་ཁང་དེས་མིང་དོན་མཚུངས་པའི་གཞུང་འབྲེལ་མ་ཡིན་པའི་ལྟེ་གནས་ཤིག་ཆགས་པར་དགའ་པོ་བྱུང་། དེ་བཞིན་གཞུང་གི་འཛིན་སྐྱོང་འོག་རིག་གནས་དེ་འདྲ་ལག་བསྟར་བྱེད་མཁན་གྱི་ལྟེ་གནས་ཁང་ཞིག་བསྡད་ཐུབ་ཀྱང་རླབས་ཆེན་གྱི་བྱ་བ་སྒྲུབ་ཐུབ་རྒྱུ་ཧ་ཅང་ཁག་པོ་ཆགས་ཡོད། རྒྱ་བོད་དབར་ལ་རྩོད་རྙོད་འདུམ་སྒྲིག་ཡོང་རྒྱུར་ཁྱེད་རྣམས་ནས་ཏན་ཏན་ཕན་ཐོགས་ཡོང་རྒྱུར་ཡིད་ཆེས་བྱེད་བཞིན་ཡོད། འོན་ཀྱང་དེ་ཡོང་རྒྱུའི་ཆ་རྐྱེན་དང་པོ་དེ། རྒྱ་མི་ཚོར་ང་རང་ཚོས་འདྲ་མཉམ་གྱི་མི་རིགས་ཡིན་པ་དང་། ང་ཚོ་སྤུན་ཟླ་ཡིན་པའི་འདུ་ཤེས་བཟུང་དགོས་རྒྱུ་དེ་ཆ་རྐྱེན་དང་པོ་རེད་སྙམ་གྱི་ཡོད། ད་ལྟ་རྒྱ་མིས་ང་ཚོར་མི་གྲལ་དུ་མ་བཞག་པར་བརྟེན་རྩོད་རྙོག་འདུམ་སྒྲིག་ཐུབ་ཀྱི་མེད། ནམ་ཞིག་ང་ཚོས་རྒྱ་མི་མི་གྲལ་དུ་མ་བཞག་ནའང་རྩོད་རྙོག་འདུམ་སྒྲིག་ཐུབ་ཀྱི་མ་རེད། དེར་བརྟེན་ཕན་ཚུལ་གཉིས་ཀ་འདྲ་མཉམ་དང་གཅིག་གྱུར། དེ་བཞིན་སྤུན་ཟླ་ཡིན་པའི་འདུ་ཤེས་བཟུང་དགོས་རྒྱུ་དེ་རྩོད་རྙོག་འདུམ་སྒྲིག་བྱེད་རྒྱུའི་ཐབས་ལམ་མེད་དུ་མི་རུང་བ་ཞིག་རེད་སྙམ་གྱི་ཡོད། རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་གི་ལས་འགན་ནང་དུ་ད་ལྟ་བོད་པའི་སྤྱི་ཚོགས་ནང་རྩོད་རྙོག་འདུམ་སྒྲིག་བྱེད་རྒྱུའི་གཞི་རྩ་མང་པོ་མེད། དེང་རབས་ཀྱི་འགྲོ་སྟངས་ནང་རྩོད་རྙོག་འདུམ་སྒྲིག་ཁྲིམས་ཁང་ནས་བྱེད་རྒྱུ་ཞིག་ཡོད། ཁྲིམས་ཁང་དང་རྩོད་རྙོད་འདུམ་སྒྲིག་ལྟེ་གནས་ཁང་ནས་བྱས་པ་གཉིས་མི་འདྲ་བའི་ཁྱད་པར་ཡོད་ཅེས། སོགས་ཀྱི་གསུང་བཤད་གནང་ཡོད།
དེ་རྗེས་རྒྱ་གར་བ་སྐུ་ཞབས་ཀུལ་ཌིབ་ལགས་ཀྱིས་མང་གཙོའི་སྤྱི་ཚོགས་ནང་ཚོགས་པ་འདི་འདྲ་གལ་ཆེན་ཡིན་སྐོར་གསུང་བཤད་གནང་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ཁང་བཙུགས་ནས་ལོ་བཅུ་འཁོར་བའི་མཛད་སྒོར་ཕེབས་པ་ཚང་མར་འཚམས་འདྲི་ཞུས་པ་དང་ཆབས་ཅིག་གསུང་བཤད་གནང་དོན། འདས་པའི་ལོ་བཅུའི་རིང་རྩོད་རྙོག་འདུམ་སྒྲིག་ཁང་གི་ཕྱག་ལས་གནང་བ་དེ་དག་ང་རང་དངོས་སུ་ལས་འཆར་ནང་མཉམ་ཞུགས་བྱས་པའི་ཉམས་མྱོང་མེད་ནའང་། དེ་རིང་ལས་བསྡོམས་ནང་གསལ་དང་རྩོད་རྙོག་འདུམ་སྒྲིག་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོས་ཡིད་ཆེས་དང་ངེས་པ་ཆེན་པོ་རྙེད་པའི་ཐོག་ནས་ལྟེ་གནས་ཁང་གི་ལས་དོན་བྱེད་ཕྱོགས་ཀྱི་ཐོག་འདས་པའི་གནས་ཚུལ་དང་མ་འོངས་པར་དེ་ལས་ལྷག་ཡོང་རྒྱུའི་རེ་བ་ཡོད་པའི་སྐོར་གསུངས་སོང་བས་ད་བར་ཁྱེད་ཚོས་ཕྱག་ལས་གནང་བ་དེར་བསྔགས་བརྗོད་ཞུ་གི་ཡིན། རྩ་བའི་རྩོད་རྙོག་དེ་རིམ་པ་མང་པོ་ཞིག་གི་སྒོ་ནས་ཡོང་གི་ཡོད། ཁྱིམ་ཚང་དང། སྤྱི་ཚོགས། རྒྱལ་ཁབ་བཅས་ཀྱི་ནང་རྩོད་རྙོག་རིགས་འདྲ་མིན་ཡོང་གི་ཡོད། རྩོད་རྙོག་ཡོང་སའི་རྒྱུ་རྐྱེན་དང་འདུམ་སྒྲིག་བྱེད་སྟངས་ཡང་འདྲ་མིན་ཡོང་གི་ཡོད། ཁག་གཅིག་གིས་དབང་དང་སྟོབས་ཤུགས་བེད་སྤྱོད་བྱས་ཏེ་རྩོད་རྙོག་བཟོས་ཀྱི་ཡོད། གང་ལྟར་མང་ཆེ་བ་དེ་དག་ཉོན་མོངས་པའི་བསམ་བློར་རག་ལུས་ཡོད། དེར་བརྟེན་རྩོད་རྙོག་འདུམ་སྒྲིག་ཡོང་ཆེད་གུ་ཡངས་ཀྱི་བསམ་བློ་དགོས་གལ་ཆེན་པོ་ཆགས་ཡོད། ད་ལྟ་ངས་ལས་བསྡོམས་དེར་ལྟ་སྐབས་རྩོད་རྙོག་འདུམ་སྒྲིག་དང་རྩོད་རྙོག་སྔོན་འགོག་གཉིས་ནས་མང་ཆེ་བ་ཞིག་རྩོད་རྙོག་སྔོན་འགོག་གི་ཐོག་འགྲོ་བ་ཞིག་མཐོང་བྱུང་། དེ་ཧ་ཅང་གལ་ཆེ་པོ་རེད། གཅིག་ནི་ང་རང་ཚོའི་སྤྱི་ཚོགས་ནང་རེད། གཉིས་ནས་བོད་པ་དང་རྒྱ་གར་གྱི་སྤྱི་ཚོགས་ནང་རྩོད་རྙོག་མི་ཡོང་བ་དང་འཆམ་མཐུན་གྱི་སྤྱི་ཚོགས་གནས་ཐུབ་རྒྱུའི་གཞི་རྩ་སྐྲུན་རྒྱུའི་ཆ་རྐྱེན་དེ་གལ་ཆེན་པོ་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།
དེ་བཞིན་ཁོང་གིས་རྩོད་རྙོག་འདུམ་སྒྲིག་ཟབ་ཁྲིད་ཀྱི་ནང་དོན་ལ་ང་ཚོ་ནང་པའི་རིག་གཞུང་དང་འབྲེལ་ཤར་ཕྱོགས་པ་ལེགས་པ་ཡོད་ནའང་། ཟབ་སྦྱོང་སྤྲོད་སྟངས་ཐད་ནུབ་ཕྱོགས་པར་ལེགས་ཆ་ལེན་རྒྱུ་ཡོད་སྐོར་དང་། དེ་བཞིན་མ་འོངས་བོད་རྒྱ་གཉིས་འགྲིགས་ཆགས་བྱུང་ན་ཞི་མཐུན་སྤྱི་ཚོགས་ཞིག་སྐྲུན་རྒྱུར་དུས་ལ་བབས་པའི་ལས་དོན་སྤེལ་དགོས་པ་སོགས་ཀྱི་གསུང་བཤད་གནང་རྗེས་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་གི་འགན་འཛིན་ཕྱག་རོགས་བསོད་ནམས་བདེ་ཆེན་ལགས་ཀྱི་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་གྲོལ་བ་བཅས། །
བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་དབུ་བརྙེས་ཏེ་ལོ་བཅུ་འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་པ།
གསར་གནས།
འབྲེལ་གནས།