༢༠༡༡ ཟླ་ ༥ ཚེས་ ༩ རེས་གཟའ་ཟླ་བ།
༄༅། །༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་རེ་མཛད་པ་ལྟར་ཕ་རན་སིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་རྔ་པ་ཀིརྟི་དགོན་པའི་གནས་སྟངས་ལ་སེམས་འཚབ་ཤུགས་ཆེ་བསྟན་ཡོད། དེ་ཡང་ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༣ ཉིན་ཕ་རན་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ལིའོ་ནལ་ལུ་ཁ་ལགས་ཀྱིས་(Lionnel Luca ) མཚན་ཐོག་ནས་ཕ་རན་སི་ཕྱི་འབྲེལ་བློན་ཆེན་མཆོག་དང་རྒྱལ་ས་པེ་རི་སིའི་ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་དུ་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་གནས་སྟངས་ཐོག་ཛ་དྲག་གི་ཞུ་སྙན་རེ་ཕུལ་ཡོད།
སྐུ་ཞབས་ཨ་ལན་ཇུབ་པེ་(Mr Alan Juppe) མཆོག་ལ་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་གནས་སྟངས་ཐོག་ཕ་རན་སིའི་སྲིད་གཞུང་གི་ལངས་ཕྱོགས་གསལ་བཤད་གནང་དགོས་པའི་ཛ་དྲག་གི་ཞུ་སྙན་དེའི་ནང་འཁོད་དོན། ང་ཚོ་ཕ་རན་སི་ཡུལ་གྱིས་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་གཙོ་བོར་གྱུར་བའི་ས་གནས་བོད་མི་ཚོའི་གནས་སྟངས་ལ་སྟངས་སྙོམས་སུ་སྡོད་ཐབས་བྲལ། དེར་བརྟེན་ངས་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་གནས་སྟངས་ཐོག་ཕ་རན་སིའི་སྲིད་གཞུང་གི་ལངས་ཕྱོགས་ཇི་ཡིན་གསལ་བཤད་གནང་རོགས་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད་པ་དང་། ཕྱོགས་མཚུངས་རྒྱ་ནག་གཞུང་ཚབ་ལ་ཕུལ་བའི་ཞུ་སྙན་ནང་རྒྱ་ནག་གཞུང་གིས་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་གྲངས་ ༣༠༠ ཙམ་འཛིན་བཟུང་བཀག་ཉར་བྱས་པའི་དགེ་འདུན་པ་ཚོའི་གནས་སྟངས་སྐོར་གསལ་བཤད་དགོས་པའི་རེ་འདུན་བཏོན་ཡོད་པ་བཅས།།
ཕ་རན་སིའི་ཕྱི་འབྲེལ་བློན་ཆེན་མཆོག་ལ་རྔ་པ་ཀིརྟི་དགོན་པའི་གནས་སྟངས་སྐོར་ལངས་ཕྱོགས་གསལ་བཤད་དགོས་པའི་ཞུ་སྙན་ཕུལ་བ།
གསར་གནས།
འབྲེལ་གནས།