༢༠༡༡ ཟླ་ ༥ ཚེས་ ༢༠ རེས་གཟའ་པ་སངས།
༄༅། འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ཁྱབ་ཁོངས་གཞིས་ཆགས་དང་། ཁ་འཐོར་བོད་མིའི་འདུས་སྡོད་ཁག་གི་ཁོངས་ནས་དེ་ཧྲཱ་དུན་ (Dehradun) ས་གནས་འགོ་འཛིན་ཀྱི་ཁྱབ་ཁོངས་དང་། གཞན་ས་གནས་ཁག ༩ བཅས་ཀྱི་མི་གྲངས་ ༢༣ ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༦ ནས་ ༡༥ བར་ཉིན་གྲངས་ ༡༠ རིང་བཙན་བྱོལ་བོད་མིའི་ཁྲིམས་རྩོད་པའི་སྦྱོང་བརྡར་ཐེངས་ ༣ དེ་གོ་སྒྲིག་ལེགས་གྲུབ་བྱུང་ཡོད། ཟབ་སྦྱོང་ཚུགས་ཡུལ་བདེ་སྐྱིད་གླིང་གཞིས་ཆགས་སུ་རྟེན་གཞི་བྱས་པའི་བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་ཡིན།
དེ་ཡང་ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༦ ཉིན་སྔ་དྲོ་ཚོུད་ ༩ པའི་ཐོག་ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོ་སྟབས་བདེ་ཞིག་གནང་བའི་སྐུ་མགྲོན་དུ་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་། དེ་ཧྲཱ་དུན་ས་གནས་འགོ་འཛིན་རྣམ་གཉིས་གདན་འདྲེན་ཞུས་ཏེ། ཐོག་མར་ཁྲིམས་དྲུང་ཉི་མ་དགྲ་འདུལ་ལགས་ནས་མཛད་རིམ་སྙན་སྒྲོན་ཞུས་རྗེས། དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་ནས་ཟབ་སྦྱོང་ཐེངས་ ༣ གོ་སྒྲིག་ཞུ་དགོས་པའི་དམིགས་ཡུལ་ངོ་སྤྲོད་གནང་དོན།
ད་བར་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་རྒྱ་གར་དང་བལ་ཡུལ་ཁུལ་དུ་རང་རིགས་སེར་སྐྱ་མང་ཚོགས་ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་སྐོར་ཟབ་སྦྱོང་སྔ་རྗེས་གོ་སྒྲིག་ཞུས་ཡོད་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་རླབས་ཆེན་གྱི་དགོངས་བཞེད་གཙོ་བོ་ནི་རང་རིགས་སྤྱི་ཚོགས་ནང་ཁྲིམས་ཀྱི་དབང་སྒྱུར་ཡང་དག་པ་ཞིག་ལག་ལེན་དུ་འཁེལ་ཐུབ་པ་དགོས་ཀྱི་ཡོད་སྟབས། རང་རིགས་མང་ཚོགས་ཁྲོད་ཁ་མཆུ་ཞུ་གཏུག་གི་བྱ་རིམ་གསལ་པོ་མ་ཤེས་པའི་དཀའ་ངལ་ཡོད་རིགས་དེ་དག་རིམ་བཞིན་སེལ་ཐབས་སུ་གཞིས་ཆགས་དང་། ཁ་འཐོར་བོད་མིའི་འདུས་སྡོད་ཁག་ཏུ་བཙན་བྱོལ་བོད་མིའི་ཁྲིམས་རྩོད་པ་གང་མང་སྐྱེད་སྲིང་ཞུ་ཐུབ་པ་བྱུང་ན། ས་གནས་སོ་སོར་ཁ་མཆུ་ཞུ་གཏུག་གི་བྱ་རིམ་མི་ཤེས་མཁན་རྣམས་ནས་ལམ་སྟོན་ཞུ་ཡུལ་ཡོད་པ་མ་ཟད། ཁྲིམས་རྩོད་པ་བསྟེན་དགོས་རིགས་ལ་ཁྲིམས་རྩོད་པའི་ལས་དོན་སྒྲུབ་མཁན་ཡོད་པ་བཅས་ཀྱི་དགོས་མཁོའི་མཐུན་རྐྱེན་དེས་མང་ཚོགས་སྤྱི་དང་།
ལྷག་པར་དུ་མི་མང་སྙོམས་ཆུང་ཉམ་ཐག་རྣམས་ལ་ཕན་ཐོགས་ཅི་ཆེ་ཡོང་རྒྱུ་དང་། ས་གནས་ཁྲིམས་ཞིབ་ཁང་སོ་སོའི་ནང་ཁ་མཆུའི་བྱ་རིམ་དུས་འགྱངས་མི་འབྱུང་བའི་དགེ་མཚན་ཡོད་པ་བཅས་ལ་བརྟེན། ཕྱི་ལོ་ ༢༠༡༠ ཟླ་ ༧ པའི་ནང་ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་དུ་ཁྱབ་ཁོངས་ས་གནས་ཁག་ནས་མི་གྲངས་ ༣༥ ལ་བཙན་བྱོལ་བོད་མིའི་ཁྲིམས་རྩོད་པའི་སྦྱོང་བརྡར་ཐེངས་ ༢ པ་གོ་སྒྲིག་ཞུས་ཡོད་ཅིང་། མུ་མཐུད་ལས་འཆར་ཁོངས་རྒྱ་གར་དང་བལ་ཡུལ་ཁུལ་གཅིག་ལྕོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གྲངས་ ༡༦ ནས་མི་གྲངས་ ༣༢ སྐོར་ལ་བཙན་བྱོལ་བོད་མིའི་ཁྲིམས་རྩོད་པའི་སྦྱོང་བརྡར་ཐེངས་ ༤ པ་དེ་བཞིན་ཕྱི་ལོ་ ༢༠༡༡། ༢༠༡༢ ནང་བཞུགས་སྒར་རྡ་རམ་ས་ལར་གོ་སྒྲིག་ཞུ་འཆར་ཡོད་བཅས་སོགས་ཀྱི་གསུང་བཤད་གནང་།
ཟབ་སྦྱོང་ཉིན་གྲངས་ ༡༠ དེའི་རིང་ཉིན་རེར་ཚོགས་ཐེངས་ ༤ རེ་བྱས་ཏེ། ཉིན་ ༧ རིང་སྦྱོང་བརྡར་སློབ་ཁྲིད་པ་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་དང་། ཁྲིམས་ཞིབ་པ་ན་མེ་བླ་ཁང་ཚེ་རིང་དོན་གྲུབ་མཆོག ས་གནས་ཁྲིམས་ཞིབ་པ་ཚེ་རིང་ནོར་བུ་ལགས། ས་གནས་ཁྲིམས་དྲུང་ཉི་མ་དགྲ་འདུལ་ལགས། ཁྲིམས་ལུགས་རིག་པ་བ་སྡེ་འགན་བསྟན་འཛིན་ལྷུན་གྲུབ་ལགས་བཅས་ནས་སྤྱི་མང་གཏུག་བཤེར་ཁྲིམས་ཡིག་གི་དོན་ཚན་ཆ་ཚང་དང་། ཁྲིམས་ལུགས་དབང་འཛིན་དང་དཔང་རྟགས་ཁྲིམས་ཡིག་སོ་སོའི་དོན་ཚན་ཁག་ཅིག བཙན་བྱོལ་བོད་མིའི་བཅའ་ཁྲིམས་གྱི་དོན་ཚན་ཁག་ཅིག བཙན་བྱོལ་བོད་མིའི་ཁྲིམས་རྩོད་པའི་བླང་དོར་ལམ་སྟོན་བཅས་སློབ་འཁྲིད་གནང་སྟེ། འཕྲོས་སྦྱོང་བརྡར་གྱི་ཉིན་ ༨ པ་དང་ ༩ པ་ ༡༠ པའི་ཚོགས་ཐེངས་དང་པོ་བཅས་ཀྱི་རིང་སྦྱོང་བརྡར་བ་རྣམས་ཚོགས་ཆུང་ཁག ༤ ལ་བགོས་ཏེ་ཁ་མཆུའི་ཞུ་རྩ་དང་། ཞུ་ལན་འབྲི་སྟངས། ཁྲིམས་ཞིབ་ཁང་དུ་ཁ་མཆུ་ཞུ་གཏུག་བྱེད་སྟངས། དཔང་རྟགས་དང་དཔང་པོ་འདོན་འབུལ་གྱི་བྱ་རིམ་བཅས་དམར་ཁྲིད་ཀྱི་ལམ་ནས་སྦྱོང་བརྡར་སྤྲད་དེ་སྦྱོང་བརྡར་བ་རྣམས་ལ་ཕན་ཐོགས་གང་ལེགས་བྱུང་བ་དང་།
ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༡༥ ཉིན་རྒྱབ་ཚོུད་ ༣།༡༥ ཐོག་མཇུག་བསྡོམས་མཛད་སྒོའི་སྐབས་སྐུ་མགྲོན་གཙོ་བོ་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་ཞིབ་པ་ཟུར་པ་སྲོང་བུ་ཚང་མདོ་སྔགས་བསྟན་འཛིན་མཆོག་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ། དེ་ཧྲཱ་དུན་ས་གནས་འགོ་འཛིན། རང་བདེན་ཚོགས་ཆུང་གི་ཚོགས་གཙོ། གཞན་ཡང་གཞུང་འབྲེལ་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ་བཅས་སྐུ་མགྲོན་དུ་གདན་འདྲེན་ཞུས་ཐོག ཁྲིམས་དྲུང་ཉི་མ་དགྲ་འདུལ་ལགས་ནས་མཛད་རིམ་སྙན་སྒྲོན་ཞུས་ཏེ། སྦྱོང་བརྡར་བའི་སྐུ་ཚབ་ཚེ་བརྟན་ནོར་བུ་ལགས་ནས་མང་གཙོའི་ཀ་བ་གསུམ་གྱི་ཡ་གྱལ་ཁྲིམས་ལུགས་དབང་འཛིན་གྱི་ལས་དོན་ཚགས་ཚུད་ཡོང་ཐབས་སུ་བོད་མིའི་ཁྲིམས་རྩོད་པའི་སྦྱོང་བརྡར་རིམ་པ་གནང་བཞིན་པའི་ཁོངས་ནས་ད་རེས་འདི་གར་བཙན་བྱོལ་བོད་མིའི་ཁྲིམས་རྩོད་པའི་སྦྱོང་བརྡར་ཐེངས་ ༣ པ་གོ་སྒྲིག་གནང་བར་སྦྱོང་བརྡར་བ་རྣམས་ལ་བོད་མིའི་ཁྲིམས་ལུགས་སྐོར་གོ་རྟོགས་གང་ལེགས་བྱུང་བ་དང་། མང་འོངས་པར་སྦྱོང་བརྡར་སྐབས་དམར་ཁྲིད་ཀྱི་ལམ་ནས་སྦྱོང་བརྡར་གྱི་དུས་ཚོད་གང་མང་གཏོང་ཐབས་ཡོང་བའི་རེ་སྐུལ་ཡང་ཞུས་ཡོད། སྐུ་མགྲོན་གཙོ་བོ་ཁྲིམས་ཞིབ་པ་ཟུར་པ་སྲོང་བུ་ཚང་མདོ་སྔགས་བསྟན་འཛིན་ལགས་ནས་སྦྱོང་བརྡར་བ་རྣམས་ལ་བཙན་བྱོལ་བོད་མིའི་ཁྲིམས་རྩོད་པའི་སྦྱོང་བརྡར་ལག་ཁྱེར་གནང་བ་དང་། དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་ནས་སྦྱོང་བརྡར་བ་མི་གྲངས་ ༢༡ ལ་བཙན་བྱོལ་བོད་མིའི་ཁྲིམས་རྩོད་པའི་དེབ་འགོད་ལག་ཁྱེར་གནང་སྟེ། འཕྲོས་སྦྱོང་བརྡར་བ་ ༢ ཁྲིམས་ཡིག་དགོངས་དོན་རང་ལོ་ ༢༥ མ་སོན་སྟབས་དེབ་འགོད་ལག་ཁྱེར་གནང་མེད་ནའང་དོ་བདག་སོ་སོ་རང་ལོ་སོན་མཚམས་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ལག་ཁྱེར་དེ་དག་གནང་རྒྱུ་དང་།
དཔལ་ལྡན་ཁྲིམས་ཞིབ་པ་ན་མེ་བླ་་ཁང་ཚེ་རིང་དོན་གྲུབ་མཆོག་ནས་ཟབ་སྦྱོང་གི་མཇུག་བསྡོམས་གསུང་བཤད་གནང་དོན་སྦྱོང་བརྡར་ཉིན་ ༡༠ རིང་བཅའ་ཁྲིམས་གྱི་དོན་ཚན་ཁག་ཅིག་དང་། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་ཁྲིམས་དེབ་གསུམ་བཅས་ཀྱི་དོན་ཚན་ཁག་དམར་འཁྲིད་ལྟ་བུའི་གཟབ་སྦྱོང་ཕུལ་བར་རྣམ་པ་ཚོའི་ཐུགས་རྒྱུད་ལ་ཆ་ཚང་བ་ཞིག་འཇུག་པའི་རེ་བ་ཞུ་གི་ཡོད། སྦྱོང་བརྡར་གྱི་དགོས་པ་དང་དམིགས་ཡུལ་གཙོ་བོ་ནི། མང་ཚོགས་ཀྱི་ཁེ་ཕན་ལ་དམིགས་པའི་དགོས་དོན་གལ་ཆེ་ཞིག་དང་། ཁེ་ཕན་དེ་དག་མང་ཚོགས་རང་ངོས་ནས་ལེན་ཐུབ་པ་ཞིག་དགོས་པ་དང་། དེ་ལེན་ཐུབ་པ་བཟོ་རྒྱུའི་ལས་འགན་ནི་ང་རང་ཚོར་འཁྲི་བ་ཞིག་རེད། རྒྱུ་མཚན་དེར་བརྟེན་ང་ཚོ་ཚང་མ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ཀྱི་བཞེད་དགོངས་ལྟར་མང་ཚོགས་ནས་ལེན་ཐུབ་པ་འབྱུང་ཐབས་སུ་ང་ཚོས་འབད་བརྩོན་བྱ་དགོས་པ་སོགས་ཀྱི་གསུང་བཤད་གནང་། མཐར་བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་པ་ནོར་བ་ཚེ་རིང་ནོར་བུ་ལག་ནས་སྦྱོང་བརྡར་གོ་སྒྲིག་ཆེད་མཐུན་འགྱུར་གནང་མཁན་ཚོར་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད་པ་བཅས།།