༢༠༡༡ ཟླ་ ༥ ཚེས་ ༡༧ རེས་གཟའ་མིག་དམར།
༄༅། །༸གོང་ས་མཆོག་གི་ཡུ་རོབ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་གིས་ཡུ་རོབ་སྤྱི་མཐུན་ལྷན་ཁང་གི་ཚོགས་གཙོ་སྐུ་ཞབས་ཝན་རོམ་པེ་ (Van Rompuy) མཆོག་རྒྱ་ནག་ཏུ་འཚམས་གཟིགས་སྐབས་བོད་མི་ཚོར་རྒྱ་ནག་གཞུང་གིས་དམ་བསྒྲགས་དང་དྲག་གནོན་བྱེད་བཞིན་པའི་གནས་སྟངས་སྐོར་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་ཚོ་དང་ལྷན་གླེང་དགོས་པ་སྦེལ་ཇམ་རྒྱལ་ས་བྷ་ར་སིལ་ནང་ཡུ་རོབ་རྟོག་ཞིབ་ (EUobserver) ཅེས་པའི་གསར་ཤོག་ནང་བརྗོད་ཡོད། དེ་ཡང་གསར་ཤོག་ནང་བདུན་ཕྲག་སྔོན་མར་ཨ་རིས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་བརྗོད་པ་ལྟར་ཐེངས་འདིར་ཡུ་རོབ་སྤྱི་མཐུན་ལྷན་ཁང་གི་ཚོགས་གཙོ་མཆོག་རྒྱ་ནག་ཏུ་འཚམས་གཟིགས་སྐབས་བོད་མདོ་སྨད་རྔ་པའི་ནང་ཡུ་རོབ་སྐུ་ཚབ་ཀྱི་རྟོག་ཞིབ་ཚོགས་ཆུང་གཏོང་དགོས་པ་དང་། རྒྱ་ནག་གཞུང་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་ལྷན་གྲོས་མོལ་དགོས་པའི་འབོད་སྐུལ་ཞུ་དགོས་པའི་རེ་འདུན་བཏོན་ཡོད།
དེ་ཡང་གསར་ཤོག་དེའི་ནང་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་གིས་གསུང་དོན། གལ་ཏེ་རྒྱ་ནག་གཞུང་གིས་ཡུ་རོབ་སྤྱི་མཐུན་ཚོགས་པས་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ཐོག་སེམས་འཚབ་ཀྱི་རྣམ་པ་བཏོན་པ་དེར་དོ་སྣང་མ་སྤྲད་ཚེ་ཡུ་རོབ་སྤྱི་མཐུན་ཚོགས་པས་རྒྱ་ནག་གཞུང་གིས་ད་ལྟ་བོད་ནང་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་ཐ་ཤལ་གྱི་བྱ་སྤྱོད་དེར་སྐྱོན་བརྗོད་བྱེད་དགོས་པ་དང་། གལ་ཏེ་ཡུ་རོབ་སྤྱི་མཐུན་ཚོགས་པས་གོ་སྐབས་འདི་བཟུང་མ་ཐུབ་ཚེ་རྒྱ་ནག་གཡོན་ཐལ་ཅན་གྱི་འགོ་ཁྲིད་མཁྲེགས་བཟུང་བ་ཚོས་རྒྱལ་སྤྱིའི་ཚོགས་པ་ཁག་གིས་དགག་བྱ་མེད་པའི་ཐོག་ནས་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་ཆོག་པའི་བརྡ་ལན་ངན་པ་ཞིག་སྤྲད་པ་ལྟ་བུ་ཆགས་ཀྱི་ཡོད་ཅེས་འཁོད་ཡོད། སྐུ་ཞབས་རམ་པེ་མཆོག་གི་མགྲིན་ཚབ་པས་ཐེངས་འདིའི་སྐུ་ཞབས་རམ་པེ་མཆོག་རྒྱ་ནག་ནང་རྒྱལ་དོན་འཚམས་གཟིགས་སྐབས་འགྲོ་བ་མིའི་ཐོབ་ཐང་སྐོར་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་ཚོ་དང་གླེང་སློང་གནང་རྒྱུ་ཡིན་པ་ངོས་ལེན་བྱས་ཡོད་ནའང་བོད་དོན་གླེང་སློང་གནང་རྒྱུ་ཡིན་པའི་གསལ་བཤད་གང་ཡང་གནང་མེད། དེ་བཞིན་གསར་ཤོག་དེའི་ནང་སྐུ་ཚབ་མཆོག་གིས་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་ཕུན་ཚོགས་ལགས་ཀྱི་རང་ལུས་བཞུགས་ཕུལ་གནང་བ་དེ་རྒྱ་ནག་གཞུང་གིས་བྱ་སྤྱོད་ལ་འུ་ཐུག་ཐབས་ཟད་ཀྱིས་མོས་མཐུན་མེད་པའི་རྣམ་པ་བཏོན་པ་ཞིག་ཡིན་པ་དང་། སྤྱིར་རང་སྲོག་གཅོད་རྒྱུ་དེ་བཞིན་ནང་ཆོས་དང་འགལ་བ་ཞིག་ཡིན་ནའང་གཙོ་བོ་དེ་ཀུན་སློང་ལ་རག་ལས་པ་ནང་ཆོས་ནང་གསུངས་ཡོད་ཅེས་སོགས་འཁོད་ཡོད།
༸གོང་ས་མཆོག་གི་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་གིས་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ལ་འབོད་སྐུལ་ཞུས་པ།
གསར་གནས།
འབྲེལ་གནས།