༢༠༡༡ ཟླ་ ༥ ཚེས་ ༨ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༧ ཉིན་གྱི་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་མངའ་སྡེ་མིན་ནི་སོ་ཊའི་རྒྱལ་ས་མི་ནེ་པོ་ལི་སིའི་ནང་གསར་འགོད་པ་ཚོར་མཇལ་འཕྲད་གྲུབ་མཚམས། ས་གནས་བོད་རིགས་ཚོར་མཇལ་ཁ་དང་བཀའ་སློབ་སྩལ། ཉིན་རྒྱབ་རྒྱ་རིགས་མཁས་དབང་དང་སློབ་ཕྲུག་ཁག་གཅིག་ལ་མཇལ་ཁ་དང་བཀའ་སློབ་སྩལ་ཡོད། གསར་འགོད་པ་ཚོར་ཆུ་ཚོད་ཕྱེད་ཀ་ལྷག་ཙམ་རིང་ཐོག་མར་མགོན་པོ་གང་ཉིད་མཆོག་གིས་མཛད་ཁུར་གཙོ་བོ་གསུམ་གྱི་ཐོག་བཀའ་སློབ་སྩལ་དོན། ང་ཚོ་མི་ཞིག་ཡིན་པའི་ཆ་ནས་བསམ་བློའི་ནུས་པ་གོང་མཐོར་བཏང་སྟེ་གཞན་ལ་བྱམས་བརྩེའི་བློ་སྤེལ་ཐུབ་རྒྱུའི་ནུས་པ་ཞིག་ལྷན་སྐྱེས་སུ་ཡོད། མིའི་ཁམས་དང་མོས་པ་སྣ་ཚོགས་ཡོད་པར་བརྟེན་འཇིག་རྟེན་འདིར་ཆོས་ལུགས་འདྲ་མིན་དགོས་ངེས་ཤིག་ཆགས་ཡོད། ཆོས་ལུགས་ཚང་མའི་བསྒྲུབ་བྱ་གཅིག་མཚུངས་ཡིན་པར་བརྟེན་ཆོས་ལུགས་མཐུན་སྒྲིལ་ཡོང་རྒྱུའི་ནུས་པ་ཡོད་ཅེས་བཀའ་སློབ་སྩལ། ཕྱོགས་མཚུངས་བོད་དོན་སྐོར་བཀའ་སློབ་སྩོལ་སྐབས་མགོན་པོ་གང་ཉིད་མཆོག་གིས་མི་ལོ་ ༤༠༠ ཙམ་རིང་ཏཱ་ལའི་བླ་མའི་མཚན་གནས་ཐོག་བོད་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་བཞེས་རྒྱུའི་ལམ་སྲོལ་ད་ཆ་མཇུག་སྒྲིལ་ཟིན་པ་དང་། བཙན་བྱོལ་བོད་མི་རྣམས་ལ་མང་གཙོའི་རིང་ལུགས་ཀྱི་གོ་རྟོགས་ཡག་ཐག་ཆོད་ཆགས་ཡོད། ད་ཆ་བོད་མི་རྣམས་ཀྱིས་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་འགོ་ཁྲི་ལ་ཆབ་སྲིད་ཀྱི་འགན་དབང་རྩིས་སྤྲོད་བྱ་རྒྱུའི་དུས་ལ་བབས་ཡོད། གསར་འགོད་པ་ཚོས་འགྲོ་བ་མིའི་རིང་ཐང་དང་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུའི་འགན་ཡོད་ཅེས་བཀའ་སློབ་སྩལ་གྲུབ་བསྟུན། གསར་འགོད་པའི་དྲི་བར་བཀའ་ལན་ཡང་སྩལ་ཡོད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསར་འགོད་པ་ཚོར་མཇལ་ཁ་དང་བཀའ་སློབ་སྩལ་བ།
གསར་གནས།
འབྲེལ་གནས།