༢༠༡༡ ཟླ་ ༥ ཚེས་ ༥ རེས་གཟའ་ཕུར་བུ།
༄༅། ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༤ ཉིན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ (Shine Light On Human Rights) ཞེས་པ་དེ་འབུལ་ལམ་ཞུས་ཡོད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་མགོན་པོ་གང་ཉིད་མཆོག་ལོང་བྷི་ཆི་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ཁལ་ལི་ཕོར་ནི་ཡའི་གཙུག་ལག་སློབ་གྲྭའི་ཤིང་བཟོའི་སྒྱུ་རྩལ་བསྟི་གནས་ཁང་(Carpenter Performing Arts Centre) ཞེས་པའི་ཚོགས་ཁང་དུ་ཆིབས་སྒྱུར་སྐྱོང་སྐབས་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཚོགས་མི་རྣམས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། སྐབས་དེར་༸གོང་ས་མཆོག་གིས་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ལས་འགུལ་བ་མི་གྲངས་ ༡༠༠ ཙམ་དང་མཇལ་འཕྲད་མཛད་དེ་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ལས་དོན་ལ་བསྔགས་བརྗོད་མཛད། དེ་རྗེས་ཚོགས་ཁང་ནང་༸ཞབས་སོར་འཁོད་དེ་སྡིངས་ཆའི་སྟེང་ཆིབས་སྒྱུར་སྐྱོང་སྐབས་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཚོགས་མི་གཙོ་བོར་གྱུར་བའི་ཚོགས་བཅར་བ་མི་གྲངས་ ༡༠༠༠ བརྒལ་བས་༸གོང་ས་མཆོག་ལ་དགའ་དད་སྤྲོ་གསུམ་གྱིས་འཚམས་འདྲི་ཞུས་ཡོད། དེ་ནས་ལྷོ་ཨ་ཕི་རི་ཀའི་ཉེས་མེད་བཙོན་ཟུར་ལྕམ་སྐུ་ཨན་བྷོ་རོ་ (Ms. Ann Burroughs) ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཚམས་འདྲིའི་གསུང་བཤད་གནང་གྲུབ་བསྟུན། ཨ་རིའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་གཙོ་འཛིན་སྐུ་ཞབས་ལེ་རི་ཁོ་སི་ (Larry Cox) མཆོག་གིས་ཚོགས་པའི་བྱེད་ལས་དང་རྒྱལ་སྤྱིའི་ནང་སྤྱི་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ངོ་སྤྲོད་གནང་བ་མ་ཟད། མཛད་སྒོའི་སྐུ་མགྲོན་གཙོ་བོ་༸གོང་ས་མཆོག་གི་སྐོར་ངོ་སྤྲོད་གསུང་བཤད་གནང་དོན།
བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་མཆོག་གིས་འགྲོ་བ་མིའི་ཐོབ་ཐང་དང་ཞི་བདེ། འཚེ་བ་མེད་པ་སོགས་ལ་རྒྱབ་སྐྱོར་གྱི་འབོད་སྒྲ་དེ་ལས་ཤུགས་ཆེ་བའི་འབོད་ཚིགས་ཤིག་མེད་སྟབས་ཁོང་གི་འབོད་སྒྲ་དེ་ཁྱད་དུ་འཕགས་པ་ཞིག་ཆགས་ཡོད། མི་ལོ་ ༥༠ ལྷག་གི་རིང་བོད་མི་ཚོས་འགྲོ་བ་མིའི་ཐོབ་ཐང་དང་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་སྲུང་སྐྱོབ་ཀྱི་ལས་འགུལ་དེ་བཞིན་འཚེ་བ་མེད་པའི་ལམ་ནས་སྣེ་ཁྲིད་མཛད་པ་དང་དུས་མཚུངས་སྐུ་ངལ་འཛེམ་མེད་ཐོག་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་མི་མང་ཚོའི་ཐོབ་ཐང་ཆེད་ཐུགས་བརྩོན་ཡང་མཛད་བཞིན་ཡོད། འཛམ་གླིང་འདིའི་སྟེང་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་འཚེ་བ་མེད་པ་དང་བདེན་པའི་སྟོབས་ཤུགས་ཀྱི་མཚོན་དོན་ཞིག་ཡིན་པར་ཡང་ཡང་ངོས་འཛིན་འཐོབ་བཞིན་ཡོད་ཀྱང་ཁོང་ནི་མཚོན་དོན་ལས་ལྷག་པ་ཞིག་ཆགས་ཡོད། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་ང་ཚོ་ཚང་མས་བློ་སྐྱེ་ལེན་རྒྱུའི་མིག་དཔེ་ལྟ་ས་ཞིག་ཆགས་ཡོད། འཛམ་གླིང་ཁྱོན་ཡོངས་སུ་མི་རྣམས་ཀྱིས་ཉེན་ཁའི་འོག་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་ཡོང་རྒྱུའི་རེ་བ་རྒྱག་བཞིན་པའི་སྐབས་འདིར་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་ལེགས་བཤད་དེ་བཞིན་དེ་སྔ་ལས་ཧ་ཅང་དགོས་མཁོ་ཆེ་བ་ཆགས་ཡོད། དེར་བརྟེན་ཨ་རིའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༤ པ་མཆོག་ལ་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་འདི་འབུལ་ལམ་ཞུ་ཐུབ་པར་ཧ་ཅང་ཆེ་མཐོང་ཐོབ་བྱུང་ཞེས་སོགས་ཀྱི་གསུང་བཤད་གནང་བ་དང་སྦྲགས། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་བཙུགས་ཏེ་ལོ་ངོ་ ༥༠ ཁོར་བའི་དུས་སྐབས་དང་བསྟུན་ཚོགས་པའི་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཐོག་མ་དེ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་འབུལ་ལམ་ཞུས་ཡོད་པ་བཅས།།