༢༠༡༡ ཟླ་ ༥ ཚེས་ ༢༣ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢༣ རེས་གཟའ་ཟླ་བའི་ཉིན་རྒྱབ་ཆུ་ཚོད་ ༣།༣༠ ཙམ་ལ་བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་ཕྱི་ནང་གི་གསར་འགོད་པ་ ༢༥ ཙམ་ལ་རྒྱ་གཞུང་གིས་བཅིངས་འགྲོལ་ལ་ཁ་གཡར་ནས་བོད་ལ་བཙན་འཛུལ་བྱས་པའི་ཉིན་མོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་འཁོད་དོན། རྒྱ་གཞུང་གིས་བཅིངས་འགྲོལ་གྱི་རྫུན་འབག་གྱོན་ནས་བོད་ལ་བཙན་འཛུལ་བྱས་པ། ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༢༣ ཉིན་ནི་བོད་རྒྱའི་དབར་གྲོས་མཐུན་དོན་ཚན་བཅུ་བདུན་ཞེས་པ་དེ་བཞག་སྟེ་ལོ་ངོ ༦༠ འཁོར་བའི་དུས་དྲན་གྱི་ཉིན་མོ་དེ་ཡིན། རྩོད་རྙོག་ཅན་གྱི་ཡིག་ཆ་དེར་རྒྱ་དམར་གྱིས་བོད་གཞུང་གི་སྐུ་ཚབ་རྣམས་ནས་མིང་རྟགས་མ་བཀོད་ན་བོད་ལ་དྲག་པོའི་བཙན་འཛུལ་བྱེད་ཀྱི་ཡིན་ཞེས་སྡིགས་ར་བསྐུལ་པ་རེད།
ཡིག་ཆ་དེར་བོད་ཀྱི་སྐུ་ཚབ་རྣམ་པས་བཙན་ཤུགས་འོག་མིང་རྟགས་བཀོད་དགོས་བྱུང་ཡོད་ཀྱང་། ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དེའི་ནང་དོན་ལག་ལེན་ཡོང་རྒྱུའི་འབད་རྩོལ་ཡོད་རྒུ་རྩལ་སྤྲུགས་མཛད་ཀྱང་། རྒྱ་ནག་གཞུང་ཕྱོགས་ནས་ཡིག་ཆ་དེའི་ནང་དོན་ཆ་ཚང་རྡོག་རོལ་དུ་བཏང་ནས་དྲག་པོའི་བཙན་གནོན་འོག་བོད་དང་བོད་མིའི་ངོ་བོ་རྩ་བ་ནས་མེད་པ་བཟོས་དང་བཟོ་བཞིན་པ་མ་ཟད། ཕྱི་ལོ་ ༡༩༥༩ ལོར་རྒྱ་གཞུང་གི་བཙན་གནོན་ལ་བོད་མིས་ཞི་བའི་སྒེར་ལངས་བྱས་མཐར་བོད་མི་ཁྲི་ཕྲག་མང་པོ་དམར་གསོད་བཏང་བ་དང་། ༸གོང་ས་མཆོག་བཙན་བྱོལ་དུ་ཆིབས་བསྒྱུར་བསྐྱངས་དགོས་བྱུང་ཡོད།
ཕྱི་ལོ་ ༡༩༥༩ ཟླ་ ༤ ཚེས་ ༡༨ ཉིན་༸གོང་ས་མཆོག་རྒྱ་གར་ལ་ཕེབས་རྗེས་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་དེར་ངོས་ལེན་མེད་པའི་ཡོངས་ཁྱབ་གསལ་བསྒྲགས་གནང་བ་རེད། རྒྱ་གར་དབྱིན་གཞུང་གི་སྐུ་ཚབ་དང་དེ་རྗེས་རྒྱ་གར་རང་བཙན་རྒྱལ་ཁབ་ཀྱི་སྐུ་ཚབ་བོད་ནང་ལོ་དགུ་ཙམ་བཞུགས་མྱོང་མཁན་སྐུ་ཞབས་ཧིའུག་རིཅརཊིསོན་གྱིས་བརྩམས་པའི་བོད་དང་བོད་ཀྱི་ལོ་རྒྱུ་ཞེས་པའི་དེབ་ནང་། རྒྱ་ནག་གཞུང་གིས་འཁྱོག་བཤད་བྱས་ནས་ལོ་རྒྱུས་རྫུན་བཟོ་དངགྲོས་མཐུན་གྱི་རྫུན་འབག་གྱོན་པ་དེས་བོད་དེ་རྒྱལ་ཁབ་ཐ་དད་ཡིན་པ་མེད་པ་བཟོ་ཐུབ་ཐབས་མེད།
ད་དུང་ཁོང་གིས་གསུངས་གསལ། རྒྱ་གཞུང་གིས་བོད་ལ་བཙན་འཛུལ་མ་བྱས་གོང་དང་བྱེད་བཞིན་པའི་སྐབས་བྲན་གཡོག་ལམ་ལུགས་དང་ས་ཞིང་བགོ་འགྲེམས་ཆེད་ཞི་བའི་བཅིངས་འགྲོལ་བཏང་བའི་འཁྱོག་བཤད་དྲིལ་བསྒྲགས་བྱས་པ་རེད། དངོས་ཡོད་སྟངས་ནི་། ། ༸གོང་ས་མཆོག་གིས་བོད་ཀྱི་ཆབ་སྲིད་ལམ་ལུགས་དེར་རྒྱ་ཆེ་བའི་བསྒྱུར་བཅོས་དང་ས་ཞིང་བགོ་འགྲེམས་སོགས་ལེགས་བཅོས་མཛད་འཆར་ཡོད་པ་དེ་དག་ལ་རྒྱ་ནག་གཞུང་གིས་དགག་པ་བརྒྱབ་ཡོད།
༸གོང་ས་མཆོག་གིས་དགོན་པ་ཆེ་ཁག་དང་། མི་སྒེར་གྱིས་འཛིན་སྐྱོང་བྱེད་པའི་གཞིས་ཁག་ཆེན་པོ་ཕལ་ཆེར་གཞུང་འཛིན་གྱིས་གཞིས་ཁག་དེ་དག་ཞིང་པ་རྣམས་ལ་བགོ་འཆར་སོགས་ལེགས་བཅོས་ལས་ཁུངས་ཞིག་ཀྱང་གསར་འཛུགས་མཛད་ཡོད། རྒྱ་གཞུང་གིས་བོད་ནང་ཡར་རྒྱས་བཏང་ཡོད་པའི་སྐོར་འཁྱོག་བཤད་དྲིལ་བསྒྲགས་བྱས་པ་དེ་དག་རྒྱ་ནག་གི་དབུ་འཁྲིད་ཧུ་ཡའོ་པང་གིས་ཐེར་འདོན་བྱས་ཡོད། དེ་ཡང་ཕྱི་ལོ་ ༡༩༨༠ ནང་ཧུ་ཡའོ་པང་བོད་ལ་གཟིགས་སྐོར་དུ་ཕེབས་སྐབས་བོད་དབུས་སུ་ཉམ་ཐག་པའི་གནས་སྟངས་གཟིགས་ཏེ་བོད་ནང་གི་འཚོ་བའི་གནས་སྟངས་ཕྱི་ལོ་ ༡༩༥༩ གོང་གི་གནས་སྟངས་དང་གཅིག་མཚུངས་བཟོ་དགོས་ཀྱི་འདུག་ཅེས་གསུངས་པ་རེད། ཕྱི་ལོ་ ༡༩༨༠ སྨད་ཆའི་ནང་དང་། ཡང་ཕྱི་ལོ་ ༢༠༠༨ ལོར་བོད་རྒྱ་ཆེ་བའི་ཞི་བའི་སྒེར་ལངས་བྱུང་བ་དེ་དག་གིས་རྒྱ་ནག་གཞུང་གི་སྲིད་བྱུས་དེ་དེག་ཡང་དག་མིན་པ་གསལ་པོ་བསྟན་ཡོད།
འོན་ཀྱང་དེ་ལས་ལྡོག་སྟེ་རྒྱ་གཞུང་གིས་ད་དུང་ཡང་བོད་ནང་འཛུགས་སྐྲུན་དང་བོད་མི་རྣམས་སྐྱིད་པོ་ཡོད་ཅེས་འུད་ཤོབ་བྱེད་བཞིན་ཡོད། གལ་སྲིད་དེ་དག་དངོས་དོན་ཡིན་ཚེ། ད་ལྟའི་ཆར་རྔ་པ་ཀིརྟི་དགོན་པ་གཙོ་བོར་གྱུར་བའི་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡལ་བཤིག་གཏོང་བཞིན་པའི་གནས་ཚུལ་ཐོན་པར་གཞི་བཅོལ་ཏེ་རྒྱ་ནག་གཞུང་གིས་བོད་ནང་རྒྱལ་སྤྱིའི་གསར་འགོད་པ་དང་།
དངོས་ཡོད་གནས་སྟངས་རྟོག་ཞིབ་ཀྱི་མི་སྣ་ཡོང་ཆོག་པ་བཟོ་དགོས།
བློ་ཕམ་པ་ཞིག་ལ། རྒྱ་གཞུང་གིས་དུས་དྲན་དེ་བེད་སྤྱད་ནས་བོད་ནང་ལ་ཡར་རྒྱས་བཏང་ཡོད་སྐོར་ངོམས་ནས་ཁོ་པ་ཚོས་བོད་བཙན་བཟུང་བྱས་པ་དེ་དྲང་བདེན་བཟོ་ཐབས་བྱེད་ཀྱི་ཡོད།
རྒྱ་མིའི་དྲག་གནོན་འོག་བཞག་པའི་གྲོས་མཐུན་དོན་ཚན་བཅུ་བདུན་དེ་དག་ལོ་ངོ་ ༦༠ འཁོར་བའི་དུས་དྲན་སྲུང་བརྩི་གཟབ་རྒྱས་ངང་བྱེད་ཀྱི་ཡོད་ཀྱང་། དོན་དངོས་སུ་འདས་པའི་ལོ་ངོ་དྲུག་ཅུའི་རིང་བོད་མིའི་འཐབ་རྩོད་དེ་དྲག་ཤུགས་ཆེ་རུ་ཕྱིན་ཡོད། གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་དེ་བཞག་སྟེ་ལོ་ངོ་དྲུག་ཅུ་འཁོར་བའི་ཉིན་མོ་སྲུང་བརྩི་བྱས་ནས་ད་བར་བོད་མི་རྣམས་ལ་མནར་གཅོད་བཏང་བ་དེ་དག་སུབ་ཐབས་མེད་པ་ཞིག་ཆགས་ཡོད། བོད་ཞི་བའི་བཅིངས་འགྲོལ་ཟེར་བ་བཏང་ནས་ལོ་ངོ་དྲུག་ཅུ་འཁོར་ཡང་བོད་མི་རྣམས་ད་དུང་རང་སྲོག་ལ་མ་ལྟོས་པར་རང་དབང་གི་ཕྱོགས་སུ་བྲོས་ཐབས་བྱེད་ཀྱི་ཡོད་པ་རེད། གནས་ཚུལ་དེ་དག་བོད་མིའི་འཐབ་རྩོད་དང་སེམས་ཤུགས་རྫོགས་མེད་པ་གསལ་པོ་བསྟན་པ་མ་ཟད། བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག ཁོར་ཡུག དེ་བཞིན་བོད་མི་རྣམས་རང་རེའི་ཕ་ཡུལ་དུ་རང་དབང་དང་སྦོབས་སེམས་ལྡན་པའི་ངང་ནས་འཚོ་གནས་ཐུབ་ཐབས་སུ་ལས་འགུལ་ཇེ་འཕེལ་དུ་འགྲོ་གི་ཡོད། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ ༢༠༡༡ ཐོུང་ནས་ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢༣ ལ།། །།