༢༠༡༡ ཟླ་ ༥ ཚེས་ ༡༨ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༡༦ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང་(India International Center) དུ་རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་(All Party Indian Parliamentary Forum for Tibet)དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་(Core group for Tibetan Cause) ཞེས་པ་ཐུན་མོང་གིས་གོ་སྒྲིག་ཐོག་བོད་ནང་ཆོས་ལུགས་སྟེང་བསྐྱར་དུ་དྲག་གནོན་དང་། ཀིརྟི་དགོན་པའི་སྟེང་དམ་བསྒྲགས།(Renewed Religious repression in Tibet: Seize of Kirti Monastery) ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ལྷན་ཚོགས་ཤིག་ཚོགས་ཡོད། བགྲོ་གླེང་ལྷན་ཚོགས་དེའི་ནང་རྒྱ་གར་གྱི་གཞུང་ཚབ་ཟུར་པ་དྷ་ལིབ་མེ་ཧེ་ཊ་(Dalip Mehta) མཆོག་དང། གསར་འགོད་པ་སྐུ་ཞབས་ཝི་ཇེ་ཀ་རན་ཏི་(Mr.Vijay Kranti)ལགས། ལྡི་ལི་དོན་གཅོད་དང་བཀའ་བློན་གཅིག་ལྕོགས་བསྟན་པ་ཚེ་རིང་མཆོག དེ་བཞིན་རྒྱ་གར་གྱི་གནད་ཡོད་མི་སྣ་བཅས་ཁྱོན་མི་གྲངས་ལྔ་བཅུ་བརྒལ་བས་མཉམ་ཞུགས་གནང་ཡོད། སྐབས་དེར་སྐུ་ཞབས་དྷི་ལིབ་མེ་ཧེ་ཊ་མཆོག་གིས་ཀིརྟི་ཁུལ་གྱི་ད་ལྟའི་ཛ་དྲག་གི་གནས་སྟངས་ཐོག་བློ་འཚབ་ཆེན་པོ་ཡོད་ཅེས་གསུངས་པ་དང་ཆབས་ཅིག་ཁོང་གིས་རྔ་པ་ཀིརྟི་ཁུལ་དུ་དཀའ་ངལ་འཕྲད་བཞིན་པ་དེ་ནི་རྒྱ་ནག་གཞུང་གི་དྲག་གནོན་གྱི་སྤྱོད་ཚུལ་དང་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པ་མངོན་ཐུབ། འདས་པའི་ལོ་ལྔ་བཅུ་རིང་རྒྱ་ནག་གཞུང་ནས་བོད་ནང་འཛིན་པའི་སྲིད་བྱུས་དེའི་དགོས་དམིགས་གཙོ་བོ་ནི་བོད་མི་རྣམས་རང་ཡུལ་དུ་གྲངས་ཉུང་མི་རིགས་ཤིག་ཏུ་འགྱུར་རྒྱུ་དེ་ཡིན། བོད་ཀྱི་ཆོས་ནི་བོད་མི་རྣམས་ཀྱི་རིག་གཞུང་དང་ལེགས་བྱང་གི་རྒྱབ་རྟེན་ཞིག་ཡིན་པར་བརྟེན། བོད་མིའི་ཆོས་དང་རིག་གཞུང་། དེ་བཞིན་བོད་མི་རྣམས་ཀྱི་རྒྱལ་ཞེན་ལྷག་བསམ་རྣམས་རྩ་མེད་བཏང་དང་གཏོང་བཞིན་ཡོད། ཅེས་གསུངས་ཡོད། ཡང་ལྡི་ལི་དོན་གཅོད་དང་བཀའ་བློན་གཅིག་ལྕོགས་བསྟན་པ་ཚེ་རིང་མཆོག་གིས་གསུང་དོན། རྒྱ་ནག་གཞུང་ནས་དེང་སྐབས་ཀིརྟི་དགོན་པར་དམ་བསྒྲགས་བྱས་ཏེ་ཛ་དྲག་གི་གནས་སུ་གྱུར་ཡོད་པ་མ་ཟད། ལོ་བཅུ་གྲངས་མང་པོའི་རིང་ནས་རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་མི་རིགས་དབྱེ་འབྱེད་བྱེད་པ་དང་། བོད་ཀྱི་ཁོར་ཡུག་གང་བྱུང་གཏོར་བཤིག་བཏང་བ་སོགས་དྲང་བདེན་མིན་པའི་སྲིད་བྱུས་འཛིན་ཡོད་པར་བརྟེན། བོད་མི་རྣམས་ཀྱི་སེམས་ནང་འཁོན་སེམས་བསླེབ་རྒྱུའི་རྒྱུ་རྐྱེན་གཙོ་བོ་དེ་ཡིན། བོད་ནང་གི་དགོན་སྡེ་ཁག་ནི་ཕྱག་མཆོད་འབུལ་བྱེད་སའི་གནས་ཙམ་མ་ཟད། བོད་ཀྱི་ཐུན་མོང་མ་ཡིན་ཆོས་དང་རིག་གཞུང་གི་བསླབ་པ་སློབ་གཉེར་བྱེད་ཡུལ་གྱི་བསྟི་གནས་ཤིག་ཀྱང་ཡིན། འོན་ཀྱང་རྒྱ་ནག་གཞུང་ནས་བོད་ཀྱི་དགོན་སྡེ་ཁག་ནང་དམ་བསྒྲགས་ཤུགས་ཆེ་བྱས་ཏེ་བོད་མི་རིགས་ཀྱི་ངོ་བོ་དང་རིག་གཞུང་རྩ་མེད་གཏོང་ཐབས་བྱེད་ཀྱི་ཡོད། རྒྱ་ནག་གཞུང་ནས་བོད་མི་ཚོར་དྲག་གནོན་དང། བཙོན་འཇུག སྡུག་སྦྱོང་ཇི་ཙམ་བཏང་ཡང་བོད་མི་རིགས་ཀྱི་ངོ་བོ་དང་ལ་རྒྱ་སྙིང་སྟོབས་བཅས་མུ་མཐུད་གསོན་པོར་གནས་ཀྱི་རེད། ཅེས་སོགས་གསུངས་ཡོད། གཞན་ཡང་སྐུ་ཞབས་ཝི་ཇེ་ཀ་རན་ཏི་ལགས་ཀྱིས་ཉེ་ཆར་ཀིརྟི་དགོན་པའི་གྲྭ་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་སྲེག་སྟེ་རང་གི་གཅེས་པའི་ལུས་སྲོག་བློས་གཏོང་བྱས་པ་ནས་བཟུང་། བོད་མི་སེར་སྐྱ་ཡོངས་ནས་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེ་བཏོན་པ་ནི་བོད་མི་རྣམས་རྒྱ་གཞུང་གི་མངའ་ཁོངས་སུ་བདེ་སྐྱིད་མེད་པའི་རྟགས་ཡིན། བགྲོ་གླེང་སྐབས་ཚོགས་བཅར་བ་ཡོངས་ནས་བོད་བྱང་ཤར་རྔ་པ་ཀིརྟི་དགོན་པར་རྒྱ་ནག་གཞུང་གིས་དྲག་གནོན་བྱས་དང་བྱེད་བཞིན་པ་དེར་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་བཅས།།
རྒྱ་གཞུང་གི་སྲིད་བྱུས་དང་ཀིརྟི་དགོན་པར་དྲག་གནོན་བྱས་པར་སྐྱོན་བརྗོད་གནང་བ།
གསར་གནས།
འབྲེལ་གནས།