༢༠༡༡ ཟླ་ ༥ ཚེས་ ༢༣ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢༢ རེས་གཟའ་མིག་དམར་ཉིན་ཉི་ཧོང་དུ་རྒྱལ་དོན་འཚམས་གཟིགས་སུ་བསླེབས་པའི་རྒྱ་ནག་གི་སྲིད་བློན་ཝུན་ཅ་པའོ་ལ་ཉི་ཧོང་གི་གྲོང་ཁྱེར་ཊོཀ་ཁྱོའི་ནང་བོད་མི་དང་ཉི་ཧོང་མི་རིགས་བཅས་ཁྱོན་མི་གྲངས་ ༨༠ བརྒལ་བ་ཙམ་གྱིས་ཞི་རྒོལ་བྱས་ཡོད། ཞི་རྒོལ་སྐད་འབོད་ཀྱི་ཞུ་དོན་གཙོ་བོ་ནི་ཉེ་ལམ་རྒྱ་ནག་གཞུང་གིས་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་གཙོ་བོར་གྱུར་བའི་རྔ་པའི་བོད་རིགས་རྣམས་ལ་དྲག་གནོན་ཤུགས་ཆེ་བྱེད་བཞིན་པ་དེ་འཕྲལ་མར་མཚམས་འཇོག་དགོས་པ་དང་འཛིན་ཟུང་བྱས་པའི་དགེ་འདུན་པ་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་ཞེས་པ་དེ་ཡིན་འདུག དེ་ཡང་ཞི་རྒོལ་སྐད་འབོད་ཀྱི་ལས་འགུལ་གོ་སྒྲིག་གནང་མཁན་གཙོ་བོ་ཉི་ཧོང་བོད་རང་དབང་སློབ་ཕྲུག་ཚོགས་པ་དང་ཉི་ཧོང་བོད་རིགས་ལྷན་ཚོགས་ཟུང་འབྲེལ་ཐོག་གནང་ཡོད་འདུག སྐབས་དེར་ཉི་ཧོང་བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་ཚེ་རིང་རྡོར་རྗེ་ལགས་ཀྱིས་ཇིན་ཀུ་རྡོ་རིའི་ (Jingudori Park) ལྡུམ་རའི་ནང་སྐད་འབོད་ཀྱི་ལས་འགུལ་དེའི་ནང་མཉམ་ཞུགས་གནང་མཁན་ཚོར་ངོ་སྤྲོད་ཀྱི་གཏམ་བཤད་གནང་བ་དང་སྦྲགས། བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་ནང་ཛ་དྲག་གི་གནས་སྟངས་གསལ་བཤད་གནང་བ་མ་ཟད། ཉི་ཧོང་བོད་རང་དབང་སློབ་ཕྲུག་ཚོགས་པས་ཉི་ཧོང་གི་ཕྱི་སྲིད་ལས་ཁུངས་སུ་རྔ་པ་ཀིརྟི་དགོན་པའི་ཛ་དྲག་གི་གནས་སྟངས་ཐོག་ཉི་ཧོང་སྲིད་གཞུང་གིས་རྒྱ་ནག་ཕྱི་སྲིད་ལྷན་ཁང་བརྒྱུད་བོད་མི་ཚོར་དྲག་གནོན་མཚམས་འཇོག་ཡོང་ཆེད་རྒྱབ་སྐྱོར་གནང་རོགས་ཞེས་ཞུ་སྙན་ཕུལ་ཡོད་སྐོར་སོགས་གསལ་བཤད་གནང་། གཞན་ཡང་སྐབས་དེར་ཉི་ཧོང་བོད་གཞུང་སྐུ་ཚབ་དོན་ཁང་གི་འབྲེལ་མཐུད་པ་ཚེ་དབང་རྒྱལ་པོ་ཨར་ཡ་ལགས་ཀྱིས་བོད་དོན་རྒྱབ་སྐྱོར་ཆེད་འདུ་འཛོམས་གནང་མཁན་ཚང་མར་བོད་གཞུང་མང་གཉིས་ཀྱིས་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་གསུང་དོན། ང་ཚོས་ཉི་ཧོང་དང་རྒྱ་ནག་ཕྱོགས་གཉིས་དབར་འབྲེལ་ལམ་ཡར་རྒྱས་ཐོག་ཨེ་ཤི་ཡའི་ནང་ཞི་བདེ་བརྟན་ལྷིང་ཡོང་རྒྱུར་རྒྱབ་སྐྱོར་ཞུ་བཞིན་ཡོད་ནའང་། རྒྱ་ནག་གཞུང་གིས་ད་ལྟ་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་ནང་དྲག་གནོན་འོག་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོའི་ལས་འགུལ་སྤེལ་མཚམས་འཇོག་དགོས་པ་རྒྱ་ནག་གི་སྲིད་བློན་མཆོག་ལ་འབོད་སྐུལ་ཞུ་རྒྱུ་དང་། བོད་ཀྱི་གནད་དོན་དེ་ཞི་བའི་ཐོག་སེལ་ཐབས་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད་ཅེས་གསུངས། གཞན་ཡང་སྐབས་དེར་རེན་གིན་དགོན་པ་ (Reingen Monastery) ནས་ཡིན་པའི་ཉི་ཧོང་མི་རིགས་སྐུ་ཞབས་ཀ་ཝ་ཧ་ར་ལགས་ཀྱིས་གསུང་དོན། བོད་ནང་གི་དཀའ་ངལ་དེར་ང་ཚོ་ཉི་ཧོང་གཞུང་མང་གཉིས་ཀྱིས་གཡོལ་ཐབས་མེད། བོད་ཀྱི་དཀའ་ངལ་དེ་རང་དབང་དང་དྲང་བདེན། བཟང་སྤྱོད་དང་འབྲེལ་བའི་གནས་སྟངས་ཤིག་ཆགས་ཡོད། ང་ཚོ་ནང་པ་སངས་རྒྱས་པའི་རྗེས་འབྲང་པ་ཞིག་ཡིན་པའི་ཆ་ནས་བོད་པའི་དགེ་འདུན་པ་རྣམས་ལ་དྲག་གནོན་བྱེད་བཞིན་པ་དེར་ངོ་རྒོལ་བྱེད་དགོས། ཞེས་གསུངས་། སྐད་འབོད་ནང་མཉམ་ཞུགས་གནང་མཁན་ཚོ་ཉི་ཧོང་གི་ས་ཁུལ་འདྲ་མིན་ནས་ཕེབས་པ་མ་ཟད། འགའ་རེ་ཀྱོ་ཤུ་དང་ཨོ་ས་ཀ ན་གྷ་ནོ་བཅས་ནས་ཕེབས་ཡོད།
རྒྱ་ནག་གི་སྲིད་བློན་ཐེངས་འདིར་ཉི་ཧོང་དང་རྒྱ་ནག ཀོ་རི་ཡ་བཅས་རྒྱལ་ཁབ་གསུམ་གྱི་ཚོང་དོན་དང་རྡུལ་ཕྲན་འོད་རླངས། ཛ་དྲག་ངལ་སྐྱོབ་ཀྱི་ལས་གཞི་བཅས་ཀྱི་གནད་དོན་ཐོག་ཚོགས་འདུ་ཚོགས་ཡོད་པ་བཅས།།
ཉི་ཧོང་དུ་རྒྱལ་དོན་འཚམས་གཟིགས་སུ་བསླེབས་པའི་རྒྱ་ནག་གི་སྲིད་བློན་ཝུན་ཅ་པའོ་ལ་ཞི་རྒོལ་བྱས་པ།
གསར་གནས།
འབྲེལ་གནས།