༢༠༡༡ ཟླ་ ༤ ཚེས་ ༡༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༧ རེས་གཟའ་ཕུར་བུའི་ཉིན་ཨི་སི་ཏོ་ནི་ཡའི་ (Estonia) གྲོས་ཚོགས་ཀྱི་འཐུས་མི་དྲུག་ལྷན་འཛོམས་དང་སྦྲགས་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་གསར་འདེམས་གནང་ཡོད། སྐབས་དེར་སྐུ་ཞབས་ཨན་ཌེ་རེ་སི་ཧར་ཀེལ་མཆོག་(Andres Herkel) མཆོག་ཚོགས་གཙོར་འདེམས་འཐོན་བྱུང་འདུག དེ་ཡང་ཁོང་ནི་དེ་སྔ་ཕྱི་ལོ་ ༢༠༠༣ ནས་ ༢༠༠༧ བར་ཨི་སི་ཏོ་ནི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གནང་ཡོད། ཕྱི་ལོ་ ༢༠༠༧ ནས་ལྗང་ཁུ་ཚོགས་པའི་འཐུས་མི་སྐུ་ཞབས་ཨེ་ལེག་སི་ལོ་ཊ་མན་ (Aleksei Lotman) མཆོག་གིས་ཨི་སི་ཏོ་ནི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གནང་ཡོད། ཕྱོགས་མཚུངས་གསར་འདེམས་བྱུང་བའི་ཨི་སི་ཏོ་ནི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ཀྱིས་ཨི་སི་ཏོ་ནི་ཡའི་ནང་པའི་ཆོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་སི་ཝན་གུ་རུང་བྷཱག་(Svan Grunberg) མཆོག་དང་མཇལ་འཕྲད་གནང་བ་མ་ཟད། སྐབས་དེར་སྐུ་ཞབས་སི་ཝན་གུ་རུང་བྷཱག་མཆོག་གིས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ལ་འབྱུང་འགྱུར་ཕྱི་ལོ་ ༢༠༡༡ ཟླ་ ༨ ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ས་གནས་དེར་ཆིབས་སྒྱུར་བསྐྱང་འཆར་ཡོད་སྐོར་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ས་གནས་དེར་གདན་ཞུ་གནང་རྒྱུའི་གྲ་སྒྲིག་གང་འདྲ་ཡོད་མེད་སོགས་ཀྱི་གནད་དོན་སྐོར་དང་། དེ་བཞིན་དབྱིན་ཡུལ་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱས་པའི་༸གོང་ས་མཆོག་གི་བྱང་ཡུ་རོབ་ཀྱི་སྐུ་ཚབ་སྐུ་ཞབས་ཐུབ་བསྟན་བསམ་གྲུབ་ལགས་ཀྱང་ཕྱི་ལོ་ ༢༠༡༡ ཟླ་ ༥ ནང་ཆིབས་སྒྱུར་གྲ་སྒྲིག་ཆེད་ཕེབས་འཆར་ཡོད་སྐོར་སོགས་ཞིབ་ཕྲ་གསལ་བཤད་གནང་ཡོད་པ་བཅས།།
ཨི་སི་ཏོ་ནི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་གསར་འདེམས་གནང་བ།
གསར་གནས།
འབྲེལ་གནས།