༄༅། །འདས་པའི་ལོ་བཅུ་ཕྲག་ལྔ་ལྷག་གི་བཙན་བྱོལ་གྱི་དུས་ཡུན་རིང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དེང་རབས་ཀྱི་ཤེས་ཡོན་ཐོག་གཞི་རིམ་སློབ་གྲྭ་དང་མཐོ་རིམ་སློབ་ཐོན་པའི་གཞོན་སྐྱེས་གང་མང་ཞིག་བསྐྱེད་བསྲིང་བྱས་ཡོད་པ་དེ་ལྟར་ཡང་། སྤྱིར་འགྲོ་བ་ཡོངས་དང་ཁྱད་པར་དུ་རང་རེ་བོད་གངས་ཅན་པའི་སྤྱི་ཚོགས་སུ་ཕུན་ཚོགས་སྡེ་བཞིའི་དཔལ་ཡོན་འཕེལ་རྒྱས་ལ་སྐུལ་འདེད་དང་སྣེ་འཁྲིད་ཐུབ་པའི་ཕུལ་བྱུང་གི་ཤེས་ལྡན་གང་མང་དགོས་གལ་དང་། དེ་ཡང་ཕྱི་ནང་གི་རིག་གནས་སྤྱི་དང་། བྱེ་བྲག་ཏུ་རིག་གཞུང་གི་ཉིང་བཅུད་དུ་གྱུར་པའི་སྲོལ་རྒྱུན་རིག་གནས་སོགས་མདོར་ན་གནའ་དེང་གི་རིག་གནས་ལ་སྦྱངས་པ་ཙམ་མ་ཡིན་པར་ཁྱད་ལས་པའམ་རིགས་གཅིག་རྐང་འཛིན་པ་བསྐྱེད་བསྲིང་བྱ་རྒྱུ་ནི་དགོས་གལ་ཧ་ཅང་ཆེ་བར་གཟིགས་ཏེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་ལོ་བཅུ་ཕྲག་འགའ་ཤས་རིང་ཡང་ནས་ཡང་དུ་བཀའ་སློབ་སྤྱི་ནན་ཕེབས་དོན་ལྟར། ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པ་ནས་ཤེས་རིག་ལས་ཁུངས་སུ་ཕྱི་ལོ་ ༢༠༠༣ ལོར་ཁྱད་ལས་པའམ་རིགས་གཅིག་རྐང་འཛིན་སློབ་གཉེར་བའི་ཆེད་སློབ་ཡོན་མ་འཛུགས་ཞུས་ཡོད་པར་ཕྱི་ལོ་ ༢༠༡༠ ལོར་རིགས་གཅིག་རྐང་འཛིན་གྱི་སློབ་ཡོན་ལས་འཆར་ལ་བསྐྱར་བཅོས་ཀྱིས་མ་དངུལ་འཕར་འབུལ་ཞུས་ཡོད་པས་ཕྱི་ལོ་ ༢༠༡༡ ནས་བཟུང་སློབ་མ་གྲངས་བཞི་བཅུ་ནས་ལྔ་བཅུའི་བར་ལ་སློབ་ཡོན་འབུལ་རྒྱུ་རིང་མིན་ཤེས་རིག་ལས་ཁུངས་ནས་གསལ་བསྒྲགས་གནང་རྒྱུ་ཡིན།
ཡང་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པ་ནས་རང་རེའི་སྲོལ་རྒྱུན་གྱི་རིག་གནས་སློབ་གཉེར་ཆེད་རྡ་ས་ས་རཱ་མཐོ་སློབ་ཁང་གི་ལོ་དུས་བཞིའི་སློབ་ཚན་༼བོད་ཀྱི་མཐོ་རིམ་རིག་གནས་༽ BA Tibetan Studies སློབ་གཉེར་ཆེད་ ༢༠༡༡ ནས་བཟུང་ལོ་ལྟར་སློབ་མ་གྲངས་བཅུ་རེར་སློབ་ཡོན་མཐུན་རྐྱེན་དང་། དེ་བཞིན་ས་རཱ་མཐོ་སློབ་ཁང་གི་ལོ་དུས་བཅུ་བཞིའི་སློབ་ཚན་༼ནང་དོན་རིག་པ་༽ Buddhist Philosophy སློབ་གཉེར་ཆེད་སེར་སྐྱ་ཕོ་མོ་ཁྱད་མེད་སློབ་མ་གྲངས་བཅུ་ལ་སློབ་ཡོན་མཐུན་རྐྱེན་སྦྱར་རྒྱུ་ཡིན་པས་རིང་མིན་ས་རཱ་མཐོ་སློབ་ཁང་ནས་གསལ་བསྒྲགས་གནང་རྒྱུ་།
ཡང་ཕྱི་ལོ་ ༢༠༡༡ ནས་བཟུང་བྱང་ཨ་རི་དང་ཡུ་རོབ་གནས་འཁོད་བོད་རིགས་ཁྱད་ལས་པའམ་རིགས་གཅིག་རྐང་འཛིན་གྱི་སློབ་སྦྱོང་དོན་གཉེར་ཅན་སློབ་མ་རྩེ་ཕུད་གྲངས་ལྔར་ལོ་ལྟར་སློབ་ཡོན་མཐུན་རྐྱེན་སྦྱར་རྒྱུ་ཡིན། སློབ་ཡོན་ལས་འཆར་འདི་བཞིན་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པ་ཉིད་ནས་གོ་སྒྲིག་བྱེད་བཞིན་ཡོད་པས་སློབ་ཡོན་ཞུ་འདོད་ཡོད་རིགས་ཨ་རིའི་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པར་ཐད་ཀར་འབྲེལ་གཏུགས་གནང་སྐྱོང་ཡོང་བ་བཅས་དགོངས་འཇགས་ཞུ། ཨ་རིའི་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པ་ནས། ༢༠༡༡ ཟླ་ ༤ ཚེས་ ༨ ལ།
ཨ་རིའི་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པའི་སློབ་ཡོན་གསལ་བསྒྲགས།
གསར་གནས།
འབྲེལ་གནས།