༢༠༡༡ ཟླ་ ༤ ཚེས་ ༨ རེས་གཟའ་པ་སངས།
༅༅། །ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༡༣ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ་རྟེན་གཞི་བྱས་པའི་སྦེལ་ཀོབ་བོད་མིའི་སློབ་གྲྭ་དབུ་བརྙེས་ཏེ་མི་ལོ་ ༥༠ འཁོར་བའི་དུས་ཆེན་སྲུང་བརྩི་ཞུ་རྒྱུ་ཡིན་འདུག དེ་ཡང་མཛད་སྒོའི་ཐོག་ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་ལགས་སུ་སློབ་ཟུར་མཐུན་ཚོགས་ཀྱི་གོ་སྒྲིག་ཚོགས་ཆུང་ནས་མགྲོན་འབོད་ཞུས་པ་ལྟར་ཕེབས་རྒྱུ་ཡིན་པ་མ་ཟད། དེ་བཞིན་ཁོང་དང་ལྷན་དུ་ཤེས་རིག་གི་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་དང། དབུས་བོད་སློབ་འཛིན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཨེས་སི་ཁུན་ཊི་ཡ་(Mr.S.C Khuntia) ལགས། དབུས་བོད་སློབ་འཛིན་ཚོགས་ཀྱི་ངེས་སྟོན་པ་སྐུ་ཞབས་ཨ་ལོཀ་ཝཱར་མ་(Mr.Alok Verma) ལགས་བཅས་ཀྱང་མཛད་སྒོར་མཉམ་ཞུགས་གནང་རྒྱུ་ཡིན་འདུག སྤྱིར་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་བོད་མིའི་སློབ་གྲྭ་ཐོག་མ་ཕྱི་ལོ་ ༡༩༦༡ ཟླ་ ༤ ཚེས་ ༡༣ ཉིན་དབུ་འཛུགས་གནང་ཡོད་པ་དང། སྐབས་དེ་དུས་ཀྱི་གནས་སྟངས་ལ་གཞིགས་ཏེ་དམངས་གཞིའི་ཤེས་ཡོན་མཁོ་སྤྲོད་བྱས་ཏེ། བོད་ཡིག་སློབ་ཚན་གཙོ་བོར་བཞག་པའི་ཐོག་ཧིན་དྷི་སློབ་ཚན་དེ་སློབ་ཚན་འཕར་མར་བཞག་ཡོད། ཕྱི་ལོ་ ༡༩༦༢ ལོའི་ཟླ་ ༦ པའི་ནང་སློབ་གྲྭ་དེ་དབུས་བོད་སློབ་འཛིན་ཚོགས་ལ་རྩིས་སྤྲད་རྗེས་བོད་སློབ་ཚོགས་པ་(Tibetan Schools Society) ཞེས་མིང་བཏགས་ཡོད། ད་ལྟའི་ཆར་སྦེལ་ཀོབ་བོད་མིའི་སློབ་གྲྭ་གཉིས་དང་ཡན་ལག་སློབ་གྲྭ་བཅས་ཀྱི་ནང་་སློབ་ཕྲུག་གྲངས་ཁྱོན་བསྡོམས་ ༩༥༠ ཙམ་ཡོད་འདུག་པ་བཅས།།
སྦེལ་ཀོབ་བོད་མིའི་སློབ་གྲྭ་དབུ་བརྙེས་ཏེ་མི་ལོ་ ༥༠ འཁོར་བའི་དུས་ཆེན་སྲུང་བརྩི་ཞུ་རྒྱུ།
གསར་གནས།
འབྲེལ་གནས།