༢༠༡༡ ཟླ་ ༤ ཚེས་ ༡༨ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༡༧ ཉིན་བོད་མདོ་ཁམས་སྒ་སྐྱེ་རྒུ་མདོར་རང་བྱུང་གི་གོད་ཆག་ཚབས་ཆེན་ཕོག་སྟེ། ལོ་གཅིག་ཧྲིལ་པོ་འཁོར་བའི་ཉིན་མོར་སུད་སིར་རྟེན་གཞི་བྱས་པའི་རི་ཀོན་ཆོས་འཁོར་དགོན་གྱི་འདུ་ཁང་ནང་སུད་སིར་གནས་བཞུགས་བོད་མི་ ༡༠༠ བརྒལ་བ་ལྷན་འཛོམས་ཀྱིས་རྟེན་མཆོག་སྤྱན་སྔར་མཆོད་སྤྲིན་སྟོང་ཚར་འབུལ་བཤམས་གནང་སྟེ། རི་ཀོན་ཆོས་འཁོར་དགོན་པའི་དགེ་འདུན་པ་རྣམས་དབུ་བཞུགས་ཐོག་ལོ་མཆོད་སྨོན་ལམ་གསོལ་འདེབས་ཚོགས་ཡོད།
དེ་ཡང་རི་ཀོན་ཆོས་འཁོར་དགོན་པའི་མཁན་པོ་ཐུབ་བསྟན་ལེགས་སྨོན་མཆོག་གིས་མཆོད་འབུལ་གནང་སྐབས་བསམ་བློ་གཏོང་ཕྱོགས་དང་བསྔོ་སྨོན་རྒྱ་ཆེན་པོ་གནང་དགོས་པའི་སྐོར་ལ་གསུང་དོན། ང་ཚོས་འཛམ་གླིང་ནང་ལ་རང་བྱུང་གི་གོད་ཆག་འོག་ཚེ་འདས་སུ་གྱུར་བ་ཡོད་དོ་ཅོག་དང་། བོད་ཀྱི་བསྟན་སྲིད་ཆེད་རང་སྲོག་བློས་གཏོང་གནང་བའི་རྒྱལ་གཅེས་དཔའ་བོ་ཕོ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེ་མཚོན་ཆེད་ཙམ་མ་ཟད། ཁོང་རྣམས་དལ་རྟེན་བཟང་པོ་ཞིག་ཐོབ་པའི་བསྔོ་བ་སྨོན་ལམ་རྒྱག་དགོས། དེ་བཞིན་ནང་པའི་ལྟ་སྤྱོད་ནང་རང་ལས་གཞན་གཅེས་པར་འཛིན་དགོས་པའི་བསླབ་བྱ་ཐུགས་ལ་བཅངས་ཏེ་བསྔོ་སྨོན་མཚམས་སྦྱོར་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ང་ཚོས་འགྲོ་བ་ཡོངས་ཀྱི་བདེ་སྡུག་སླད་བསྔོ་བ་སྨོན་ལམ་རྒྱ་གང་ཆེ་བྱེད་ཐུབ་ན་ཕན་ཐོགས་ཆེ་བ་ཡོད། དཔེར་ན། རང་ཉིད་གཅིག་པུར་ཁང་པའི་ནང་ཞལ་འདོན་སྐྱོར་བ་ལས་མི་མང་འདུ་འཛོམས་བྱས་ཏེ་ཞལ་འདོན་སྐྱོར་ན་ཕན་ཡོན་ཆེ་བ་ཡོད། འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ལ་བདེ་བ་ཡོང་རྒྱུའི་བསྔོ་བ་སྨོན་ལམ་རྒྱག་རྒྱུ་ནི་ཤིན་ཏུ་ནས་གལ་ཆེན་པོ་ཡིན། ཞེས་གསུངས་ཡོད། དེ་ནས་མཆོད་འབུལ་གོ་སྒྲིག་ཞུ་མཁན་ཀུན་དགའ་ལག་ཀྱིས་དེའི་སྐོར་ལ་འགྲེལ་བརྗོད་གནང་དོན། སྔ་ལོ་བོད་སྐྱེ་རྒུ་མདོར་རང་བྱུང་གི་གོད་ཆག་ཚབས་ཆེ་ཕོག་པར་བརྟེན། རང་རིགས་སྤུན་ཟླ་མང་དག་ཅིག་འདས་གྲོངས་སུ་གྱུར་ནས་ལོ་གཅིག་འཁོར་བའི་དུས་མཚམས་འདིར་ང་ཚོས་བོད་མི་རིགས་ཀྱི་ལ་རྒྱ་བཟུང་སྟེ། འདས་པོ་རྣམས་དལ་རྟེན་རིམ་བཟང་འཐོབ་རྒྱུ་དང་གསོན་པོ་རྣམས་ལ་ཕྱི་འབྱུང་དེ་ལྟ་བུའི་གནས་སྟངས་མ་ཡོང་བའི་ཆེད་གསོལ་འདེབས་སྨོན་ལམ་འདི་གོ་སྒྲིག་ཞུས་པ་ཡིན་ཞེས་འགྲེལ་བརྗོད་གནང་ཡོད།
རང་བྱུང་གི་གནོད་འཚེས་རྐྱེན་པས་དཀའ་ངལ་འཕྲད་སྐབས་ང་ཚོས་བློ་བཅད་ཞལ་འདེབས་དང་འདས་པོ་ཚོའི་ཆེད་མཆོད་འབུལ་དང་བསྔོ་སྨོན་བྱེད་རྒྱུ་ཙམ་ལས་བྱེད་ཐབས་གཞན་གང་ཡང་མེད། དེའི་ཐད་བཙན་བྱོལ་བོད་གཞུང་གིས་གཙོས་རང་རིགས་ཚང་མས་ཕྱར་གྲུ་མཉམ་འདེགས་གང་ལེགས་གནང་ཡོད་པ་ནི་ཀུན་གྱིས་མཐོང་ཆོས་སུ་གྱུར་བ་བཅས། །
སུད་སིར་བོད་མདོ་ཁམས་སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆག་ཕོག་སྟེ་ལོ་གཅིག་འཁོར་བའི་ལོ་མཆོད་སྨོན་ལམ་ཚོགས་པ།
གསར་གནས།
འབྲེལ་གནས།