༢༠༡༡ ཟླ་ ༤ ཚེས་ ༣༠ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༢༩ ཉིན་བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་ལགས་གཉིས་ཀྱིས་བཏང་གནས་ནང་འཁོད་དོན།
ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༢༩ ཉིན་འབྱོར་བའི་བོད་ཨ་མདོ་རྔ་པའི་ནང་གི་གནས་ཚུལ་གསར་རྙིང་ཁག་གཅིག་གཤམ་གསལ།
ཕྱི་ཚེས་ ༢༨ ཉིན་གྱི་སྔ་དྲོའི་བོད་ནང་གི་ཆུ་ཚོད་ ༩ ཡས་མས་སུ་རྔ་པ་ཀིརྟི་དགོན་པའི་ནང་ནས་ཕ་ཡུལ་མཐའ་བ་གོང་མ་ནས་ཡིན་པའི་རྔ་པ་ཀིརྟི་དགོན་གྱི་དགེ་འདུན་པ་དཀོན་མཆོག་རང་ལོ་ ༢༨ ཙམ་ཡིན་པ་ཁོང་དང་དགེ་འདུན་པ་བཞི་འཛིན་བཟུང་གིས་བཀག་ཉར་བྱས་ཡོད་འདུག་མོད། དགེ་འདུན་པ་གཞན་རྣམས་ཀྱི་མིང་སོགས་གསལ་པོ་ཤེས་རྟོགས་མ་བྱུང་བ་དང་། གང་དུ་ཁྲིད་ཡོད་མེད་སོགས་ཀྱང་ཤེས་མི་འདུག དེ་མིན་ཉིན་ཤས་སྔོན་ལ་རྔ་པ་རྫོང་གཅའ་ཞང་ནག་ཚང་མ་སྡེ་བའི་རྣམ་མཁྱེན་ཚང་གི་ཚེ་རིང་དགྲ་འདུལ་དེ་སྔོན་དཔའ་བོ་ཕུན་ཚོགས་ཀྱི་མེས་ཚིག་པའི་སྐུ་ཕུང་དགོན་པའི་ནང་ཁྱེར་མཁན་གྱི་དོགས་གཞིའི་འོག་ནས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག ནམ་རྒྱུན་ལྟར་ཁོང་འཛིན་བཟུང་བྱས་རྗེས་གར་ཡོད་ཀྱི་གནས་སྟངས་སོགས་སུས་ཀྱང་ཤེས་རྟོགས་མེད་པར་གྱུར་ཡོད། དེ་སྔོན་ཕྱི་ཚེས་ ༢༡ ཉིན་གྱི་མཚན་མོ་དགེ་འདུན་པ་ ༣༠༠ ལྷག་བཙན་ཁྲིད་བྱེད་སྐབས་དགོན་པའི་འདུ་ཁང་ནང་ལ་དགེ་འདུན་པ་སྦས་སྐུང་བྱས་ཡོད་ཚུལ་བརྗོད་དེ་སྒོ་ཆེན་གཏོར་ཡོད་འདུག་ལ། སྒོ་ལ་སྒོ་ལྕགས་བརྒྱབ་ཡོད་པའི་གྲྭ་ཤག་ཚང་མའི་སྒོ་ལྕགས་གཏོར་ཡོད་འདུག
ཕྱི་ཚེས་ ༢༢ ཉིན་ནས་དགེ་འདུན་པ་རྣམས་ཀྱིས་རྒྱལ་གཅེས་ཆོས་གཅེས་སློབ་གསོ་ཟེར་བའི་ལས་འགུལ་ནང་མཉམ་ཞུགས་གནང་གི་མེད་སྟབས། རྒྱ་གཞུང་གིས་ཕྱི་ལ་ཁྱབ་བསྒྲགས་བྱེད་རྒྱུར་དམིགས་ཏེ་དགེ་འདུན་པ་རྣམས་དམ་བསྒྲགས་བཀག་སྡོམ་བྱེད་མུས་ཡིན་རུང་མི་འདས་གྲོངས་སུ་གྱུར་བ་རྣམས་ལ་དགེ་འདུན་པ་རྣམས་ནས་ཚོགས་ཚུགས་ཏེ་སྨོན་ལམ་གསུང་དགོས་པའི་བཀའ་བཏང་ཡོད་ཀྱང་དགེ་འདུན་པ་རྣམས་ཀྱིས་ཚོགས་ལ་ཡོང་མི་འདུག
ཕྱི་ཚེས་ ༢༧ ཉིན་ནས་རྒྱ་གཞུང་གིས་བཤད་དོན་དགོན་པའི་ནང་མི་ཤི་བའི་ཕུང་པོ་སླེབས་སྐབས་ཚོགས་མ་འཚོགས་ན་དགོན་པ་རྩ་མེད་བཟོ་གི་ཡིན་ཟེར་ནས་སྡིགས་ར་སྐུལ་འདུག དེར་བརྟེན་གནད་དོན་དེའི་ཐོག་དཀའ་རམས་པ་འཛིན་གྲྭ་རྣམས་ཀྱིས་གྲོས་བསྡུར་བྱས་ཏེ་དེ་ལྟར་འཚོོགས་རྒྱུ་བྱས་ཡོད་ཀྱང་དགེ་འདུན་པ་གཞོན་པ་རྣམས་ཀྱིས་དེ་ལ་ངོས་ལེན་བྱས་མེད་པ་རེད། རྒྱུ་མཚན་ནི་རྒྱ་གཞུང་གིས་དེ་ལྟར་བྱེད་དོན་ཁོ་རང་ཚོར་ལག་ཆར་དགོས་མཁོ་ཡོོད་པ་མ་གཏོགས་ང་ཚོ་ལ་བསམ་ཤེས་བྱས་པ་དེ་འདྲ་གཏན་ནས་མ་རེད་གསུང་ཡོད།
དེ་སྔོན་ཕྱི་ཚེས་ ༢༡ ཉིན་འཛིན་བཟུང་བྱས་པའི་དགེ་འདུན་པ་རྫོང་ཁག་གཞན་ནས་ཡིན་པ་རྣམས་ཀྱི་ནང་མི་ཉེ་འབྲེལ་སོགས་རྔ་པ་རྫོང་ལ་ཁ་མཆུ་རྒྱག་ཏུ་ཡོང་ཡོད་འདུག་ལ། ཕྱི་ཚེས་ ༢༩ ཉིན་གཅིག་སྒྲིལ་རྫོང་ཁང་སར་མའི་སྡེ་མི་རླངས་འཁོར་ཆུང་བ་ཉི་ཤུ་ཡས་མས་རྔ་པ་རྫོང་ལ་ཡོང་ཡོད་མོད། རྔ་པའི་མི་མང་གིས་དམག་མིའི་རླངས་འཁོར་ཆེ་བ་ ༡༠ མདུན་དུ་སོང་སྟེ་བཀག་པ་དང། གཅིག་སྒྲིལ་རྫོང་གི་ཉེན་རྟོག་པ་རྩིས་སྤྲད་དེ་རྔ་པ་རྫོང་སྲིད་གཞུང་དང་བར་ཐག་སྤྱི་ལེ་ ༥ ཙམ་གྱི་ས་ནས་ཁ་ཕྱིར་བསྐོར་ཡོད་འདུག་པས་རྔ་པ་རྫོང་ལ་ཁ་མཆུ་རྒྱག་ཐུབ་མེད་འདུག ཁོང་ཚོས་བཤད་དོན་ཉེས་མེད་མང་པོ་ཞིག་འདི་ལྟར་འཛིན་དགོས་པའི་རྒྱུ་མཚན་དགོས་ལ། དེ་ལྟར་མེད་ན་ད་ལྟ་རང་གློད་བཀྲོལ་གཏོང་དགོས་ལུགས་ཀྱི་སྐད་ཆ་ཤོད་བཞིན་ཡོད་པ་བཅས།།
རྒྱ་ནག་གཞུང་གིས་ཀིརྟི་དགོན་པའི་དགེ་འདུན་པ་མུ་མཐུད་འཛིན་བཟུང་བྱེད་བཞིན་པ།
གསར་གནས།
འབྲེལ་གནས།