༢༠༡༡ ཟླ་ ༤ ཚེས་ ༡༤ རེས་གཟའ་ཕུར་བུ།
༄༅། །བོད་ཀྱི་གསོ་བ་རིག་པའི་རྒྱུན་འཛིན་སྨན་པ་ཡོངས་ཀྱི་གསེར་སྙན་དུ།
ཆེད་ཞུ། བཙན་བྱོལ་བོད་མིའི་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་དོན་ཚན་བཅུ་པའི་ནང་གསེས་ག་པའི་དགོངས་དོན་བོད་ཀྱི་གསོ་རིག་སློབ་གཉེར་ཁང་ཚད་ལྡན་ནས་ལག་འཁྱེར་མེད་རིགས་ཀྱི་སྨན་པ་རྣམས་ནས་ཡིག་རྒྱུགས་དང་ངག་རྒྱུགས་འབུལ་ཐོག་དེབ་སྐྱེལ་ཨང་གྲངས་སྤྲོད་འཐུས་ལ་འདི་ག་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་ཐེངས་བཅོ་ལྔ་པའི་ཐོག་གྲོས་ཆོད་བྱུང་བ་ལྟར་གཤམ་གསལ་ཆ་རྐྱེན་ཚང་ཞིང་ཡིག་རྒྱུགས་ལ་བཞུགས་འདོད་ཡོད་པའི་རྒྱུན་འཛིན་སྨན་པ་རྣམས་ནས་ཕྱི་ལོ་༢༠༡༡ ཟླ་༨ ཚེས་༣༠ ནང་ཚུད་ཆེས་མཐོའི་སྨན་པའི་ལྷན་ཚོགས་སུ་ངེས་པར་ཞུ་སྙན་འབུལ་དགོས། ཡིག་རྒྱུགས་ཀྱི་དོད་ཧིན་སྒོར་༣༥༠༠།༠༠ དང་དངོས་གཞིའི་ཡིག་རྒྱུགས་དེ་ཕྱི་ལོ་༢༠༡༢ ཟླ་༣ ཚེས་༡༢ ནས་ཚེས་༢༠ བར་བཞུགས་སྒར་རྡ་རམ་ས་ལར་གཏན་འཁེལ་ཟིན་པ་དེ་དོན་དགོངས་འཇགས་ཞུ། དེབ་སྐྱེལ་ཞུ་སྙན་གྱི་ཆ་རྐྱེན་དང་ཡིག་རྒྱུགས་རྩ་འཛིན་གཤམ་གསལ། ཆ་རྐྱེན། ༡།ཆེས་མཐོའི་སྨན་པའི་ལྷན་ཚོགས་འོག་དེབ་སྐྱེལ་ཡོད་པའི་སྨན་པ་ཞིག་གམ་བོད་ནང་ཚད་ལྡན་སྨན་པ་གང་རུང་ཞིག་གི་དྲུང་ནས་ཉུང་ཐར་ལོ་གསུམ་སློབ་ཁྲིད་དང་ལོ་གསུམ་ལག་ལེན་བྱས་པའི་རྒྱབ་གཉེར།༢། དོ་བདག་བཞུགས་ཡུལ་ས་གནས་འགོ་འཛིན་ནམ་འཕྲོད་བསྟེན་བསྟི་གནས་གང་རུང་ནས་རང་ཉིད་སྨན་པའི་ལག་ལེན་བྱེད་བཞིན་པའི་རྒྱབ་གཉེར།༣། རྒྱལ་ཁབ་ཇི་ཡིན་གྱི་ཁུངས་འཕེར་ཡིག་ཆའི་ངོ་བཤུས།ཡིག་རྒྱུགས་ཀྱི་རྩ་འཛིན། ཀ།བློ་འཛིན་ངག་རྒྱུགས། རྩ་རྒྱུད་ལེའུ་དྲུག་ཆ་ཚང་། བཤད་རྒྱུད་ལེའུ་དང་པོ། གཉིས་པ། གསུམ་པ། བཞི་པ། ལྔ་པ། དྲུག་པ། བཅུ་གསུམ། བཅུ་བཞི། བཅོ་ལྔ་། བཅུ་དྲུག བཅུ་བདུན། བཅོ་བརྒྱད། སུམ་ཅུ་རྩ་གཅིག ཕྱི་མ་རྒྱུད་ལས་ལེའུ་དང་པོ་རེག་པ་རྩའི་ལེའུ། ལེའུ་གཉིས་པ་མཐོང་བ་ཆུའི་ལེའུ། བླ་སྨན་མཁྱེན་རབ་ནོར་བུས་མཛད་པའི་སྨན་སབྱོར་ནུས་པ་ཕྱོགས་བསྡུས།ཁ།བྲིས་རྒྱུགས། རྩ་རྒྱུད་ལེའུ་ཆ་ཚང་། བཤད་རྒྱུད་ལེའུ་ཆ་ཚང་། མན་ངག་རྒྱུད་ལེའུ་དང་པོ། གཉིས་པ། གསུམ་པ། ཁོང་གནས་གསོ་བའི་ལེའུ་དྲུག་དང་ཚ་གྲང་གལ་མདོ། ཕྱི་མ་རྒྱུད་ལེའུ་ཆ་ཚང་།གལག་ལེན། ནད་གསོ་ཁང་དུ་དངོས་སུ་ནད་ཐོག་ལག་ལེན་རྒྱུགས་ལེན་བྱ་རྒྱུ།གོང་གསལ་ཡིག་རྒྱུགས་ལས་བྲིས་རྒྱུགས་ལ་ཁྱོན་དྲི་ཤོག་བརྒྱད། དྲི་ཤོག་རེ་ལ་ཨང་ལྔ་བཅུ་སྟེ་བྲིས་རྒྱུགས་ལ་ཨང་བཞི་བརྒྱ། བློ་འཛིན་ངག་རྒྱུགས་ལ་ཨང་ལྔ་བཅུ། ནད་ཐོག་ལག་ལེན་ལ་ཨང་ལྔ་བཅུ། བཅས་ཡིག་རྒྱུགས་ལ་ཁྱོན་ཨང་ལྔ་བརྒྱ། ཡིག་རྒྱུགས་འཕྲོད་པར་ཡིག་རྒྱུགས་ཀྱི་ཨང་བསྡོམས་ལས་ཉུང་ཐར་བརྒྱ་ཆ་ལྔ་བཅུ་ལོན་དགོས་པ་བཅས་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་སུ་ཕྱི་ལོ་༢༠༡༡ ཟླ་༤ ཚེས་༡༡ ལ།།