ཤར་ཕྱོགས་ཁུག་རྟ།
༢༠༡༡། ༤། ༢༨། ཕྱི་དྲོ་སྤེལ།
བཙན་བྱོལ་བོད་གཞུང་མང་གཙོ་མ་རེད་ཟེར་མཁན་གཅིག་ཡོད་པ་ནི་མི་གྲངས་དུང་ ཕྱུར་མང་པོར་མངའ་དབང་བསྒྱུར་བའི་གུང་བྲན་སྲིད་གཞུང་ཡིན། གུང་བྲན་སྲིད་གཞུང་གིས་བཙན་བྱོལ་གཞུང་ལ་ཁ་བྲལ་རུ་ཚོགས་དང་། ཏཱ་ལའི་རུ་ཚོགས་ཞེས་འབོད་ཀྱི་ཡོད་ལ། དེའི་མང་གཙོ་ལ་ཏཱ་ལའི་རུ་ཚོགས་ཀྱི་མང་གཙོ་རྫུན་མ་ཟེར་གྱི་ཡོད། ༧གོང་ས་ཆེན་པོས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་མི་ཡུལ་དུ་བགྲང་བྱ་ལྔ་བཅུ་ བརྒལ་བར་བཙན་བྱོལ་དུ་གནས་དགོས་བྱུང་ཡང་། འཛམ་གླིང་སྤྱི་མགྲིན་དང་ཡང་སྒོས་བོད་མི་མང་གིས་ངོས་འཛིན་བྱེད་བཞིན་པའི་དོན་ དམ་གྱི་རྒྱལ་ཁ་ཞིག་ནི་མང་གཙོའི་ལམ་དུ་ཤར་བསྐྱོད་བྱས་པ་འདི་ཡིན།
བཙན་བྱོལ་བོད་མིའི་མང་གཙོ་ལ་འདྲ་མཉམ་དང་རང་དབང་། གུ་ཡངས་ལས་ལྷག་གི་གྲལ་གྱི་མཐའ་ན་གནས་པའི་མི་མང་གི་བདེ་སྡུག་དབུས་སུ་འཇོག་པ་ ཚང་གི་ཡོད་པས་མ་ཟད་། དེའི་འདྲ་མཉམ་དང་རང་དབང་གུ་ཡངས་སོགས་ལའང་བོད་ཀྱི་ནང་དོན་རིག་གནས་ཀྱི་ལེགས་ ཆ་ཚད་ལྡན་གྱིས་རྒྱས་བཏབས་ཡོད་པས། འཛམ་གླིང་གི་བདེན་དོན་དང་རང་དབང་གི་མིག་ནང་དུ་བཙན་བྱོལ་བོད་མིའི་མང་གཙོ་ནི་ ས་ཡི་གོ་ལ་ཆེན་པོའི་སྣོད་བཅུད་གཉིས་ཀ་འཚོ་གནས་ཐད་འགན་ཁུར་ཐུབ་ཤོས་ཀྱི་མ་ གདན་ལྟ་བུར་གྱུར་ཡོད།
༧གོང་ས་ཆེན་པོས་སྒེར་གཅོད་དང་རུལ་སུངས་ལ་དོན་དམ་གྱིས་ཁ་གཏད་བཅག་ཅིང་། བོད་ཀྱི་མདུན་ལམ་འཛམ་གླིང་སྤྱི་སྲོལ་ཅན་དུ་བསྒྱུར་རྒྱུའི་དུས་བསྟུན་མཁས་ མཛངས་ཀྱི་དབུ་ཁྲིད་རིག་ལམ་གྱིས་ལོ་རྒྱུས་ལྡན་པའི་༧ཁོང་གི་ཆབ་སྲིད་འགན་དབང་ རྩིས་སྤྲོད་བྱས་པ་རེད། ཡིན་ནའང་རྒྱ་ནག་གིས་དེ་ལ་གཡོ་འཁྲབ་དང་ཚུལ་མཐུན་མིན་པའི་གཏམ་ཚོགས་མང་དུ་ སྤེལ་ཡོད།
མང་གཙོ་ནི་ནམ་ཡང་མང་གཙོ་ཡིན་པས། དེ་ལ་ཕྱི་རྫིག་ནང་སྟོང་དང་ནང་རུལ་ཕྱི་མཛེས་ཤིག་མེད་དབང་གིས་བོད་མི་ཚོས་བློ་ སྟོབས་ཆེན་པོས་རྒྱ་གར་དུ་འཚར་ལོངས་བྱུང་པའི་སྐུ་ཞབས་འབུམ་རམས་པ་བློ་བཟང་ སེང་གེ་ལགས་སུ་འོས་ཤོག་མཐོན་པོས་བཀའ་བློན་ཁྲི་པར་བདམས་ཡོད། དབུས་འོས་བསྡུ་ལས་ཁུངས་ཀྱི་སྐབས་བཅོ་ལྔ་པའི་སྤྱི་འཐུས་དང་སྐབས་གསུམ་པའི་ བཀའ་ཁྲིའི་འོས་མི་གསལ་བསྒྲགས་ནང་འཁོད་པ་ལྟར་ན། སྐབས་གསུམ་པའི་བཀའ་ཁྲི་བློ་བཟང་སེང་གེར་ཐོབ་འདུག བློ་བཟང་སེང་གེ་ལགས་སུ་འོས་ཤོག་༢༧༠༥༡ ཐོབ་སྟེ་བརྒྱ་ཆའི་ ༥༥ ཟིན་ཏེ་བཀའ་ཁྲི་ཐོབ་ཡོད་པ་རེད།
དོན་དག་འདི་ནི་༧གོང་ས་མཆོག་གིས་ཆབ་སྲིད་ཐུགས་འགན་མི་བཞེས་རྒྱུའི་རྗེས་ ཀྱི་རྒྱ་ནག་གི་དངངས་འཚབ་ངོ་མ་ཞིག་སྟེ། གཞན་ཡུལ་ནས་མི་ཚང་དབུལ་བོར་འཚར་ལོངས་བྱུང་པའི་སྐུ་ཞབས་ཁོང་ལ་དྲག་སྤྱོད་པ་ རེད་ཅེས་བཤད་ཡོད། ཁ་སང་ཁོང་ལ་བཀའ་ཁྲི་ཐོབ་པ་ནི་འཛམ་གླིང་གི་སྡིངས་ཆའི་སྟེང་གི་དོན་ལྡན་གྱི་ གླེང་བྱ་ཞིག་ཏུ་གྱུར་ཡོད་ལ། བཙན་བྱོལ་བོད་མིའི་མང་གཙོའི་གྲུབ་འབྲས་ལ་རྒྱ་ནག་གཞུང་ཟུག་འདར་ཤོར་བཞིན་པའི་ གནད་དོན་ཀྱང་ཁ་གསལ་དུ་ཕྱིན་ཡོད། བཀའ་ཁྲི་སྐབས་གསུམ་པ་ཁྱབ་བསྒྲགས་བྱས་པ་དང་བོད་ནང་གི་གནས་སྟངས་ཛ་དྲག་ཅན་དུ་ གྱུར་ཡོད་པ་ནི་སྲིད་དོན་ཉམས་ཞིབ་པ་ཚོས་ཁོང་གི་རླུང་རྟ་ལའང་བརྩི་གྱིན་ཡོད། ཁོང་ལ་བཀའ་ཁྲི་ཐོབ་མ་ཐག་གཞུང་སྒེར་ཚང་མས་འཚམས་འདྲི་ཆར་ལྟར་བབས་ཡོད་ལ།
སྐབས་དེར་ད་ལྟའི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེས། ཁ་སང་དབུས་སྤྱི་ཁྱབ་འོས་བསྡུ་ལྷན་ཁང་ནས་བཀའ་ཁྲི་གསར་པའི་འོས་བསྡུའི་གྲུབ་ འབྲས་གསལ་བསྒྲགས་གནང་བ་ལྟར། སྐུ་ཞབས་བློ་བཟང་སེང་གེ་ལགས་སུ་མང་མོས་མཐོ་པོའི་ཐོག་ནས་བཀའ་ཁྲིར་འོས་འདེམས་ བྱུང་བ་དེར་ང་དང་ངའི་ལས་རོགས་བཀའ་ཤག་གི་བཀའ་བློན་ཚང་མས་ཁོང་ལ་འཚམས་འདྲིའི་ བཀྲིས་བདེ་ལེགས་ཞུ་གི་ཡོད། ད་རེས་ཀྱི་འཕོ་འགྱུར་དེ་གལ་གནད་ཆེ་བའི་འཕོ་འགྱུར་ཞིག་གི་སྐབས་ལ་བསླེབས་པ་ བརྟེན། བཀའ་ཁྲི་གསར་པ་དེ་དགུང་ལོ་གཞོན་གཞོན་དང་མཁྱེན་ཡོན་ཆེན་པོ། ལྷག་བསམ་དང་སྙིང་སྟོབས་ཆེན་པོ་ཞིག་ལ་ཐོབ་པ་དེས་ང་ཚོ་བློ་བདེ་པོ་དང་རེ་བ་ ཆེན་པོ་བྱུང་། དེར་བརྟེན་ཁོང་གི་ལས་དོན་ཚང་མ་ལམ་ལྷོང་ཡོང་བའི་རེ་འདུན་ཞུས་པ་དང་ཆབས་ཅིག་ བཀྲ་ཤིས་བདེ་ལེགས་ཡོད།
དེ་བཞིན་ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༢༨ ཉིན་ཨོ་སི་ཊོ་ལི་ཡའི་རྒྱ་རིགས་དམངས་གཙོ་ཚོགས་པ་ཁག་གསུམ་གྱི་ཐུན་མོང་ནས་སྐུ་ ཚབ་དོན་གཅོད་ལས་ཁུངས་བརྒྱུད་མཁས་དབང་བློ་བཟང་སེང་གེ་མཆོག་སྐབས་གསུམ་པའི་ བཀའ་ཁྲི་ལས་གནས་སུ་རྒྱལ་ཁ་ཐོབ་པ་འཚམས་འཕྲིན་གནང་བའི་ནང་འཁོད་དོན།གུས་པར་ འོས་པའི་སྐུ་ཞབས་བློ་བཟང་སེང་གེ་མཆོག་ལ། སྐུ་ཉིད་བཙན་བྱོལ་བོད་མི་མང་གིས་ཐད་ཀར་འོས་འདེམས་ཀྱིས་སྐབས་གསུམ་པའི་བཀའ་ བློན་ཁྲི་པའི་འོས་བསྡུའི་རྒྱལ་ཁ་ཐོབ་པར། རྒྱ་ནག་དམངས་གཙོ་ཚོགས་པ་མཉམ་འབྲེལ་ལས་དོན་ལྷན་ཚོགས་ནས་འཚམས་འདྲི་བཀྲིས་བདེ་ ལེགས་ཞུ་རྒྱུ་ཡིན།
བཙན་བྱོལ་བོད་གཞུང་གི་མང་གཙོའི་འཕེལ་རིམ་དང་འོས་འདེམས་ནི་ང་ཚོ་རྒྱ་ རིགས་མང་གཙོ་དོན་གཉེར་བས་སེམས་ཁུར་དང་སློབ་སྦྱོང་བྱེད་སའི་གལ་ཆེན་ཆ་ཤས་ཤིག་ ཡིན་པ་དང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་དེ་སྔོན་ད་ཆ་རང་རེའི་མང་གཙོའི་འཕེལ་རིམ་ཡོངས་ སུ་རྫོགས་པའི་ཆེད་གང་ཉིད་ནས་བོད་ཀྱི་ཆབ་སྲིད་འགན་ཁུར་མ་དགོས་པར། མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་སོ་སོས་ཆབ་སྲིད་ཀྱི་འགན་དབང་ཡོངས་ རྫོགས་ཁུར་དགོས་པའི་བཀའ་སློབ་སྩལ་བ་དེས། བཙན་བྱོལ་བོད་གཞུང་གི་བཀའ་ཤག་གསར་པར་ཆབ་སྲིད་འཕེལ་རིམ་གྱི་སློབ་ཚན་གསར་པ་ ཞིག་སྒོ་འབྱེད་གནང་ཡོད། རྒྱ་ནག་མང་གཙོའི་ལས་འགུལ་དང་བོད་མིའི་རང་དབང་ལས་འགུལ་ནི་ཆབ་སྲིད་ཀྱི་ དམིགས་ཡུལ་ཐད་ཐུན་མོང་གི་འགལ་རྐྱེན་ཞིག་ཡོད་པ་ནི། རྒྱ་ནག་སྲིད་དབང་སྒེར་འཛིན་གཞུང་ལུགས་དེ་ཡིན་པ་དང་། ལམ་ལུགས་དེ་ནི་རྒྱ་ནག་མང་གཙོའི་འཕེལ་རིམ་དུ་བསྐྱོད་རྒྱུའི་འགལ་རྐྱེན་ཆེ་ ཤོས་ཤིག་ཡིན་པ་མ་ཟད། བོད་མི་ས་ཡ་དྲུག་ལ་དོན་སྙིང་ལྡན་པའི་ཆེས་མཐོའི་རང་སྲིད་རང་སྐྱོང་རྩོད་ལེན་ གནང་རྒྱུའི་འགལ་རྐྱེན་ཞིག་ཀྱང་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་དང་།
དེ་བཞིན་འཚམས་འཕྲིན་འདིའི་ནང་ད་དུང་རྒྱ་ནག་དམངས་གཙོ་ཚོགས་པའི་མཉམ་ འབྲེལ་ལས་དོན་ལྷན་ཚོགས་ནས་སྐབས་གསར་པའི་བཙན་བྱོལ་བོད་གཞུང་དེ་བཞིན། སྐུ་ཉིད་ཀྱི་དབུ་ཁྲིད་འོག་སྔོན་ཆད་ལྟར་འདས་ཟིན་པའི་ལོ་ངོ་ ༢༠ ལྷག་རིང་རྒྱ་ནག་དམངས་གཙོ་ལས་འགུལ་བ་དང་བོད་ཀྱི་རང་དབང་ལས་འགུལ་དབར་ཕན་ཚུན་ མཉམ་ལས་འབྲེལ་ལམ་ཐོག་རྒྱུན་འཛིན་གྱི་ཤུགས་སྣོན་གནང་རྒྱུ་དང་། མཐར་ང་ཚོའི་ཆབ་སྲིད་ཀྱི་དགོས་དབང་བསྒྲུབ་རྒྱུའི་རེ་སྒུག་ཞུ་མུས་ཡིན་ཞེས་ འཁོད་ཡོད།
དོན་གནད་འདི་དག་གིས་༧གོང་ས་མཆོག་ནི་དུས་རབས་ཉེར་གཅིག་པའི་མང་གཙོའི་ཚབ་ མཚོན་གོང་ན་མེད་པ་ཡིན་པར་བསྟན་ཡོད་པ་མ་ཟད། བཙན་བྱོལ་གཞུང་གི་མང་གཙོ་ནི་རྒྱ་ནག་གི་སློབ་སྦྱོང་བྱ་འོས་སུ་འགྱུར་བར་ངོས་ འཛིན་གནང་ཡོད།
མང་གཙོའི་འོས་འཕེན་འདིས་རྒྱ་ནག་གི་སྙིང་ནད་བསྐྱར་དུ་བསླངས་འདུག
གསར་གནས།
འབྲེལ་གནས།