༢༠༡༡ ཟླ་ ༤ ཚེས་ ༢༧ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༢༧ རེས་གཟའ་ལྷག་པའི་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་བོད་གཞུང་དབུས་འོས་བསྡུ་ལས་ཁང་གི་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་དང་འགན་འཛིན་ལས་འཕར་རྣམ་གཉིས་དབུ་བཞུགས་ཐོག་འོས་བསྡུའི་གྲུབ་འབྲས་རྣམས་གསར་འགོད་གསལ་བསྒྲགས་གནང་བའི་ནང་བཀའ་ཁྲི་སྐབས་གསུམ་པའི་འོས་བསྡུ་ཆེན་མོའི་ནང་ཆ་རྐྱེན་ཚང་བའི་འོས་འཕེན་པ་མིང་ཐོ་དེབ་སྐྱེལ་བྱེད་མཁན་གྱི་མི་གྲངས་ ༨༣༩༩༠ བྱུང་བ་དང་། དངོས་སུ་འོས་འཕེན་མཁན་མི་གྲངས་ ༤༩༡༨༤ བྱུང་བའི་ནང་ནས། ༡༽མཁས་དབང་བློ་བཟང་སེང་གེ་མཆོག་ལ་འོས་འཕེན་མཁན་མི་གྲངས་ ༢༧༠༥༡ བྱུང་སྟེ་བརྒྱ་ཆ་ ༥༥ ཟིན་པ་དང་། ༢༽བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་ལ་འོས་འཕེན་མཁན་མི་གྲངས་ ༡༨༤༠༥ བྱུང་སྟེ་བརྒྱ་ཆ་ ༣༧།༤༢ ཟིན་ཡོད། ༣༽བཀྲ་ཤིས་དབང་འདུས་མཆོག་ལ་འོས་འཕེན་མཁན་མི་གྲངས་ ༣༡༧༣ བྱུང་སྟེ་བརྒྱ་ཆ་ ༦།༤༤ ཟིན་ཏེ་མཁས་དབང་བློ་བཟང་སེང་གེ་མཆོག་སྐབས་གསུམ་པའི་བཀའ་བློན་ཁྲི་པར་འདེམས་ཐོན་བྱུང་ཡོད།
གསར་དུ་འདེམས་ཐོན་བྱུང་བའི་བཀའ་ཁྲི་མཁས་དབང་བློ་བཟང་སེང་གེ་མཆོག་གི་ལོ་རྒྱུས་སྙིང་བསྡུས་ནི། མཁས་དབང་བློ་བཟང་སེང་གེ་མཆོག་ནི་བླ་མ་ཧ་ཊ་གཞིས་ཆགས་ནང་འཚར་ལོངས་བྱུང་།། སོ་ན་ངྷ་དང་། དེ་རྗེས་རྡོ་རྗེ་གླིང་དབུས་བོད་སློབ་གཉིས་སུ་གཞི་རིམ་སློབ་སྦྱོང་གནང་།། དེ་ནས་སེན་ཇོ་སེཕ་མཐོ་སློབ་ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་ (B.A) (Honors)དང་། རྗེས་སུ་ལྡི་ལིའི་གཙུག་ལག་སློབ་གྲྭ་ཆེན་མོ་ནས་ཁྲིམས་ལུགས་སྐོར་ཉེ་བའི་གཙུག་ལག་རབ་འབྱམས་པ་ (LLB) སློབ་སྦྱོང་ཐོན། ཕྱི་ལོ་ ༡༩༩༢ ལོར་དབུས་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱི་རྒྱུན་ལས་ཁོངས་འོས་འདེམས་བྱུང་ཞིང་ཡང་སེ་རྡ་སར་ཕེབས་ནས་སྲི་ཞུ་ལས་བྱེད་པར་གསུང་བཤད་གནང་ཡོད། དེ་རྗེས་ཨ་རིའི་ལ་ཕཱུལ་བྷེ་རེེ་ཊ་སློབ་ཡོན་ལས་གཞིའི་ཁོངས་སུ་འདེམས་ཐོན་གྱིས་ཕྱི་ལོ་ ༡༩༩༦ ལོར་ཧར་ཝར་ཌི་ཁྲིམས་ཀྱི་སློབ་གྲྭ་ཆེན་མོ་ནས་གཙུག་ལག་རབ་འབྱམས་པ་(M.A)དང་། ཕྱི་ལོ་ ༢༠༠༤ ལོར་ཧར་ཝར་ཌིའི་ཁྲིམས་ཀྱི་སློབ་གྲྭ་དེ་ཉིད་ནས་ཁྲིམས་ཀྱི་རིག་བདག་ཆེ་མོའི་ (PhD )ལག་ཁྱེར་ཐོབ་མཁན་བོད་རིགས་དང་པོ་དེ་ཡིན་འདུག ཁོང་གིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་ལོ་རྒྱུས་བརྗོད་བྱར་བྱས་པའི་ཆེད་རྩོམ་ལ་ ༡༩༩༥ ལོར་ཡོང་ཀེ་ཀེམ(Yong K. Kim’ 95 Prize for Excellence )ཞེས་པའི་གཟེངས་རྟགས་ཐོབ།། དེ་ནས་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་ཁོང་གིས་ད་བར་བོད་རྒྱའི་མཁས་དབང་དབར་གྱི་འབྲེལ་ལམ་ལས་དོན་རྣམས་སྤྱི་ཚོགས་ཞབས་ཞུར་ངོས་འཛིན་གྱི་གཉིས་འཇོག་གན་རྒྱའི་ནང་དོན་ཞབས་ཞུ་དང་དོ་མཉམ་དུ་རྩི་འཇོག་དང་ལེན་གནང་།
ཁོང་ནི་རྒྱལ་སྤྱིའི་ཁྲིམས་དོན་དང་། མང་གཙོའི་རྩ་ཁྲིམས། དེང་རབས་ཀྱི་རྒྱ་ནག་བཅས་ཀྱི་ཐོག་མཁྱེན་མྱོང་གཉིས་ལྡན་ཞིག་ཡིན་ཐོག འཛམ་གླིང་ཚོགས་ཆེན་ཁག་གི་ནང་གསུང་བཤད་དང་། དེང་རབས་ཀྱི་གསར་འགོད་ལས་ཁང་ཝལ་སི་ཊེ་ཊ་ཇོར་ནལ་དང་། ནིའུ་ཡོཀ་ཊ་ཡིམ་སི།། སྦི་སྦི་སི། ཊ་ཡིམ་བརྙན་དེབ། ནིའུ་སི་ཝེཀ་བརྙན་དེབ་བཅས་ཀྱི་དོགས་དྲི་ཞུ་ཡུལ་མི་སྣ་ཞིག་ཡིན་པ་མ་ཟད། རྒྱ་ནག་སྐམ་ས་ཆེན་པོའི་རྒྱ་རིགས་མཁས་དབང་མང་པོ་མཉམ་འབྲེལ་ལམ་བྱེད་མྱོང་ཐོག་ཕྱི་ལོ་ ༢༠༠༣ དང་ ༢༠༠༩ ནང་དེ་སྔ་བྱུང་མ་མྱོང་བའི་ཧར་ཝར་ཌིའི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་༸གོང་ས་མཆོག་དང་རྒྱ་རིགས་མཁས་དབང་དབར་ཚོགས་འདུ་མཇལ་འཕྲད་ལན་གཉིས་ཙམ་དང་། དེ་བཞིན་བོད་རིགས་དང་། རྒྱ་རིགས། རྒྱ་གར་བ། ནུབ་ཕྱོགས་པའིི་མཁས་དབང་མཉམ་འཛོམས་ཀྱིས་བོད་འབྲེལ་ཚོགས་འདུ་སྔ་ཕྱི་བདུན་ཙམ་གོ་སྒྲིག་ཞུས། ཕྱི་ལོ་ ༢༠༠༧ ལོར་ཨེ་ཤེ་ཡ་སོ་སཡི་ཌི་ནས་ཨེ་ཤི་ཡའི་སྤྱི་ཚོགས་ཀྱི་འགོ་ཁྲིད་གཞོན་སྐྱེས་ཉེར་བཞི་ཞེས་པའི་ཁོངས་སུ་ཁོང་གི་མིང་འཁོད་པ་དང་། ནིའུ་ཨིང་ལེེཎ་ཌ་ས་གནས་ཉེས་ཡང་ཚོགས་པའི་འགོ་ཁྲིད་གཟེངས་རྟགས། ཀེམ་བྷི་རིཇ་གྲོང་ཁྱེར་གྱི་ཞི་བའི་སྡེ་ཚོགས་ནས་ཞི་བ་དང་དྲང་བདེན་གྱི་གཟེངས་རྟགས་སོགས་ཐོབ་ཡོད། འཛམ་གླིང་གི་ཁྲིམས་དོན་མཁས་པ་དང་ཁྲིམས་དཔོན་ལས་གྲུབ་པའི་འཛམ་གླིང་ཁྲིམས་ལུགས་ལྷན་ཚོགས་ཀྱི་ཚོགས་མིར་འདེམས་ཐོན་བྱུང་ཡོད། ༸གོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་གཞུང་མང་གཉིས་ཀྱི་བཀའ་དྲིན་རྗེས་དྲན་གྱི་ཆ་ཙམ་གསབ་པ་མཚོན་ཆེད་བོད་མིའི་ཟས་བཅུད་ལས་འཆར་བརྒྱུད་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སློབ་ཕྲུག་གྲངས་ ༢༠༠༠ བརྒལ་བར་མཐུན་འགྱུར་སྤྲོད་མུས་ཡིན་པ་བཅས། །