བོད་ཀྱི་གནད་དོན།
ཤར་ཕྱོགས་ཁུག་རྟ།
(བོད་ཀྱི་མདུན་ལམ་སྙོག་འཛིང་ཅན་དུ་བསྒྱུར་མཁན་གུང་བྲན་ཏང་ཡིན།)
༅༅། །༢༠༠༩ ལོའི་དབྱར་ཁར་ཐའེ་ཝན་ཏན་ཅང་གཙུག་ལག་སློབ་གཉེར་ཁང་དུ་རྒྱ་རིགས་མང་གཙོ་དོན་གཉེར་བ་གྲགས་ཅན་སྐུ་ཞབས་ཝང་དན་ (wangden) ལགས་ཕེབས་སོང་། སྐུ་ཞབས་ཝང་དན་ཕེབས་ཀྱི་ཡོད་པས་སློབ་གཉེར་ཁང་འདྲ་མིན་གྱི་སློབ་ཕྲུག་དང་། ཧོང་ཀོང་དང་རྒྱ་ནག་ནས་ཡོང་པའི་སློབ་ཕྲུག་ཀྱང་མང་པོ་ཞིག་ཕེབས་འདུག ཁོང་ཚོ་དག་ནི་ཐའེ་ཝན་ནི་ཐའེ་ཝན་དང་། རྒྱ་ནག་ནི་རྒྱ་ནག ཧོང་ཀོང་ནི་ཧོང་ཀོང་ཡིན་ཟེར་མཁན་རྐྱང་རྐྱང་ཡིན་དབང་གིས་བགྲོ་གླེང་གི་རྣམ་པ་ནི་ཚ་ཚ་འུར་འུར་ཞིག་རེད།
སྐབས་དེར་ཝང་གིས་གསལ་ཁ་དོད་པོས་རྒྱ་ནག་གི་དཀའ་ངལ་ཡོང་སྟངས་ལ་ཕྱོགས་སྡོམ་ཞིག་གནང་ཡོད། ད་ལྟའི་རྒྱ་ནག་ནི་དཀའ་ཚེགས་རིམ་པར་བརྒྱུད་པའི་གྲུབ་གཟུགས་ཤིག་ཡིན་ལ། དུས་རབས་ཉེར་གཅིག་པའི་མདུན་གྲལ་ཟིན་ཐུབ་པའི་ལོ་རྒྱུས་དང་མི་མང་། ཤེས་ཡོན་ཅན་སོགས་སྣ་ཀུན་ནས་འཛོམས་ཀྱང་། ང་ཚོ་རྒྱ་ནག་གི་དཀའ་ངལ་ལྟེ་བ་དེ་གུང་བྲན་སྲིད་གཞུང་རེད་ལ། དཀའ་ངལ་ཡོངས་ཁུངས་ཀྱང་རུལ་ནས་ལྷག་ལུས་སུ་གྱུར་པའི་གུང་བྲན་སྲིད་གཞུང་རེད་ཟེར། ཁོང་གིས་ད་དུང་རང་ཉིད་རྒྱལ་ཁབ་ཀྱི་ས་གཞི་དང་མི་མང་ལ་བརྩེ་བ་ཅི་ཙམ་ཡོད་ཀྱང་། གུང་བྲན་སྲིད་གཞུང་གིས་ཕ་ས་བྲང་གཞུང་འདྲ་བོའི་རུམ་ཁོངས་ནས་རྒྱང་ཕུད་བཏང་སོང་ཟེར། ཡང་བསྐྱར་བརྣན་ཚིག་གཅིག་གིས་རྒྱ་ནག་གི་དཀའ་ངལ་ནི་གུང་བྲན་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་དཀའ་ངལ་ཡང་གུང་བྲན་ཡིན་ཟེར།
ཁོ་བོས་ཝང་གི་གཏམ་འདི་ཐོས་མ་ཐག རྒྱ་ནག་གིས་བོད་ཐེ་བས་གྲངས་ཉུང་མི་རིགས་སུ་བཙན་འདོགས་བྱེད་པ་ཚོའི་མདུན་ལམ་དང་ཚེ་སྲོག་ཀྱང་སུས་རྙོག་འཛིང་ཅན་དུ་བསྒྱུར་མིན་ལ་བསམ་བློ་འཁོར། བདེན་དོན་འགྲོ་ས་མེད་པའི་གུང་བྲན་ཏང་གི་རང་མདོག་བསྐྱར་དུ་མཐོང་བ་ལྟ་བུར་གྱུར།
སྐབས་དེ་ནས་རྩིས་ན་ཉི་མ་དེ་རིང་བར་ནི་ལོ་ཁ་ཤས་ཀྱི་རྗེས་རེད། ཡིན་ནའང་། རྒྱ་གཞུང་གིས་འཛམ་གླིང་གི་ཤེས་ལྡན་པ་དང་། སྒོས་སུ་རྒྱ་རིགས་ཝང་ལྟ་བུའི་ཀྲུང་ཧྭ་ཆེན་མོའི་མདུན་ལམ་ལ་བསམ་བློ་གཏོང་མཁན་དག་ལ་ཉན་འཇོག་ཅི་གང་མི་བྱེད་པར། གུང་བྲན་ཏང་གི་བྲང་ཁོག་ན་སྐྲན་ནད་དུ་གྱུར་ཟིན་པའི་བོད་ཀྱི་གནད་དོན་རྙོག་འཛིང་ཅན་དུ་བསྒྱུར་མཁན་ནི་༧གོང་ས་༧ཏཱ་ལའི་བླ་མ་མཆོག་ཡིན་རབ་ཀྱི་རྫུན་གཏམ་ཐད་ལ་ནུས་ཤུགས་རབ་དང་རིམ་པར་བཏོན་སྟེ། ཐ་ན་བོད་མིའི་མིང་དང་བོད་ཡིག་སྤྱད་ནས་རྫུན་གཏམ་དེ་ག་རང་ལ་ཤུགས་གནོན་རྒྱག་བཞིན་པ་གསལ་བོ་ཡིན་ནའང་། མིའི་རིགས་ཀྱི་ལོ་རྒྱུས་དང་བོད་མི་རིགས་ཀྱི་རང་དབང་འཐབ་རྩོད་ཀྱི་བྱུང་རབས་ནང་གནས་ཆེད་བདེན་དོན་ཁ་ཤས་སྙིང་བསྡུས་ཀྱིས་བརྗོད་རྒྱུ་ཡིན།
༼ བོད་ཀྱི་གནད་དོན ༽་ཞེས་པའི་ཚིག་འདི་ནི་གུང་བྲན་ཏང་གིས་བོད་ལ་བཙན་ལག་བསྐྱངས་པ་ནས་ཐོན་པ་མ་གཏོགས། བོད་རང་དབང་གི་སྐབས་སུ་བོད་ཀྱི་གཞུང་ཡིག་སོགས་སུ་ཚིག་འདི་མཐོང་རྒྱུ་མེད། གནད་དོན་གྱི་ཚིག་ཙམ་ལ་འགྲེལ་ཚུལ་སྣ་ཚོགས་ཡོད་ཀྱང་། བོད་མི་རིགས་བསམ་ཡུལ་ལས་འདས་པའི་བཙན་འཛུལ་ཞིག་ལ་འཕྲད་པ་ནས་བྱུང་བའི་གནད་དོན་འདི་ལ་ང་ཚོས་ཀྱང་བོད་ཀྱི་གནད་དོན་ཞེས་འབོད་ཀྱི་ཡོད་ལ། བོད་ལ་བཙན་འཛུལ་བྱུང་བ་ནས་བོད་ཀྱི་གནད་དོན་བྱུང་བར་དེ་བས་ཀྱང་ངོས་འཛིན་བྱེད་བཞིན་ཡོད།
འོ་ན་བོད་ལ་བཙན་འཛུལ་ག་དུས་བྱུང་བ་རེད། བོད་ཀྱི་གནད་དོན་ཞེས་པ་ག་དུས་ནས་བྱུང་བ་རེད་དམ། དེ་ནི་སྐབས་དེར་གོ་གུང་གཉིས་ཀྱི་སུས་རྒྱ་ནག་ལ་དབང་བསྒྱུར་བྱས་ཀྱང་། བོད་ཐོག་དྲག་གནོན་ཡོང་རྒྱུར་འཛམ་གླིང་གིས་ཚོད་དཔག་ཐུབ་ཀྱི་ཡོད་ལ། དེ་ནི་གོ་གུང་གཉིས་ཀྱི་དམག་འཁྲུག་གི་དུས་སྐབས་ཀུན་ཏུ་བོད་ཐེ་བས་མི་རིགས་གཞན་ལ་ལྟ་སྟངས་ནི་བཙན་འཛུལ་དང་དྲག་གནོན། དབང་བསྒྱུར་ཞེས་པའི་ཡིག་འབྲུ་དྲུག་གི་ཁྱབ་ཁོངས་ལས་ཅུང་ཙམ་བརྒལ་མེད།
གནས་སྟངས་དེས་བོད་གཞུང་གིས་ ༡༩༤༩ ཟླ ༧ ཚེས ༨ ཉིན་ཚོགས་འདུ་བསྡུས་ཏེ། བོད་སྡོད་གོ་མིན་ཏང་གི་དོན་གཅོད་པ་དང་། དེ་བཞིན་ལྷ་སར་སྡོད་པའི་རྒྱ་མི་དང་། གུང་བྲན་ཏང་མི་དང་བོད་རིགས་གུང་བྲན་ཏང་མི་བཅས་བོད་སར་བསྡད་མི་ཆོག་པའི་ཐ་ཚིག་ནན་བསྒྲགས་ཀྱིས་ཟླ་ ༧ ཚེས ༡༧ ཉིན་ཡོངས་སུ་ཕྱིར་ཕུད་བཏང་ཡོད།
ཡིན་ནའང་། ༡༩༤༩ ཟླ ༡༠ ཚེས་ ༡ ཉིན་མའོ་ཙེ་ཏུང་གིས་ད་ལྟའི་ཀྲུང་གོ་ཟེར་བ་འདི་བཙུགས་པ་ནས། གོང་དུ་བཤད་པའི་ཡིག་འབྲུ་དྲུག་པོ་དེ་སྒྲིག་འཛུགས་ཡོད་པའི་རྣམ་པའི་ཐོག་ལག་ལེན་བསྟར་འགོ་ཚུགས་པ་རེད། དེ་ནི་བོད་ཀྱི་གནད་དོན་ཞེས་པ་བྱུང་གཏན་འཁེལ་པའི་ཉིན་མོའང་ཡིན། ལོ་དེའི་ཟླ ༡༡ ཚེས ༢༣ མའོ་ཙེ་ཏུང་གིས་དངོས་སུ་ནུབ་བྱང་ཅུའུ་ཡི་ཧྲུའུ་ཅི་དང་པོ་ཕེང་ཏེ་ཧའོ་ལ་གློག་འཕྲིན་བཏང་བའི་ནང་། ༼ ད་ལྟའི་གནས་བབ་ལ་གཞིགས་ན་བོད་དུ་དཔུང་འཇུག་གི་ལས་འགན་གཙོ་བོ་ནུབ་བྱང་ཅུའུ་ནས་ཁྱེར་དགོས་པ་དང་། དེ་ལྷོ་ནུབ་ཅུའུ་ཡིས་རྒྱབ་སྐྱོར་བྱེད་དགོས་ཞེས་བཀོད་ཡོད། ལྷོ་ནུབ་ཅུའུ་ནས་ཟི་ཁྲོན་དང་། ཤི་ཁམས་སམ་མདོ་སྟོད་སྨད་བཙན་བཟུང་བྱས་ནས་བོད་དུ་དཔུང་འཇུག་བྱ་རྒྱུ། བོད་དུ་དཔུང་འཇུག་བྱེད་པར་དམར་སྒར་ཅུན་གསུམ་དགོས་གལ། དམག་སྒར་རེ་ལ་དམག་འབོར་ཁྲི་བཞི་ཡས་མས་ཙམ་ཡོད།༽ ཞེས་བཀོད་འདུག་པ་དང་།
ད་དུང་སྐབས་དེར་མའོ་ཙེ་ཏུང་རྒྱལ་སྤྱིའི་ཐོག་གི་གནས་ཚུལ་ལ་སོམ་ཉི་བྱུང་སྟེ། ཁོང་མོ་སི་ཁོར་བསྐྱོད་ཞོར་རུ་སུའི་རྒྱབ་སྐྱོར་ཐོབ་རེ་བྱས་པར་རྒྱབ་སྐྱོར་ཐོབ་མ་ཐག ༡༩༥༠ ཟླ ༡ ཚེས ༢ ཉིན་གྱི་སྔ་དྲོ་ཆུ་ཚོད ༤ ཐོག་མོ་སི་ཁོ་ནས་རྒྱ་ནག་ནུབ་བྱང་ཅུའུ་ཡི་ཧྲུའུ་ཅི་ཕེན་ཏེ་ཧོ་བརྒྱུད། དེས་ཏེང་ཞའོ་ཕེན་དང་ལིའུ་པོ་ཁྲིན། ཧོ་ལུང་བཅས་ལ་བོད་དུ་བཙན་འཛུལ་བྱ་རྒྱུའི་དོན་ཚན་གསུམ་ཅན་གྱི་མཛུབ་སྟོན་གློག་འཕྲིན་ཞིག་བཏང་ཡོད་པའི་དོན་ཚན་གཉིས་པའི་ནང་། ༼ བོད་ལ་མི་འབོར་དེ་ཙམ་མེད་ཀྱང་དེའི་རྒྱལ་སྤྱིའི་ཐོག་གི་གོ་གནས་ནི་ཧ་ཅང་གལ་ཆེན་ཡིན་སྟབས། ང་ཚོས་ངེས་པར་དུ་བཙན་བཟུང་བྱེད་དགོས་པ་དང་། ༽ ཡང་དོན་ཚན་གསུམ་པའི་ནང་གསེས་གཉིས་པར། ༼ ལྷོ་ནུབ་ཅུའུ་ཡི་དམག་དཔུང་གིས་འཕྲལ་དུ་དར་རྩེ་མདོ་བཙན་བཟུང་བྱས་ཏེ་བོད་དུ་དཔུང་འཇུག་གི་གྲ་སྒྲིག་དང་། འཆར་གཞི་འགོད་རྒྱུའི་ཐོག་ཟླ་བ་གསུམ་དང་ཕྱེད་ཀའི་རིང་དར་རྩེ་མདོ་ནས་དཔུང་དམག་ཁག་བགོས་ཏེ་བོད་མདོ་སྨད་ཀྱི་ས་མཚམས་བར་འབྱོར་ཐུབ་པ་བྱ་དགོས་བཅས་དང་།༽
ཡང་། ༡༩༥༠ ཟླ ༡ ཚེས ༡༠ ཉིན་ཡང་མའོ་ཙེ་ཏུང་གིས་། ལིའུ་པོ་ཁྲེན་དང་། ཏེན་ཞའོ་ཕེན། ཧོ་ལུང་བཅས་ལ་གློག་འཕྲིན་བཏང་བའི་ནང་། ༼ ལིའུ་པོ་ཁྲེན་དང་ཏེན་ཞའོ་ཕེན་སོགས་ནས་ཟླ་་དང་པོའི་ཚེས་བདུན་ཉིན་བོད་དུ་དཔུང་འཇུག་གི་འཆར་གཞི་ཕུལ་འབྱོར་བྱུང་བ་དེ་ལ་ཡོངས་སུ་རྒྱབ་སྐྱོར་ཡོད་༽ཅེས་ཀྲུང་གོ་རྒྱལ་ཁབ་དབུ་བརྙེས་བརྗེས་ཀྱི་མའོ་ཙེ་ཏུང་གི་ཟིན་བྲིས་ཞེས་པ་རུ་གསལ་ཡོད།
བོད་ཀྱི་སྨད་ཕྱོགས་སུ་འཆར་ཇུས་འདི་དག་རིམ་བཞིན་ལག་བསྟར་བཙན་འཛུལ་བྱས་པའི་གནས་ཚུལ་མདོ་སྤྱི་ལྷ་ཀླུ་ཚེ་དབང་རྡོ་རྗེས་ནས་བོད་གཞུང་བཀའ་ཤག་ཏུ་སྙན་ཞུ་ཕུལ་ཡོད་པས། སྐབས་དེར་བོད་གཞུང་ཕྱི་འབྲེལ་ལས་ཁུངས་ཀྱི་བཀའ་མངགས་ལྟར། ལྷ་སའི་རླུང་འཕྲིན་ནང་རིམ་བཞི་ཕུན་ཚོགས་དབང་རྒྱལ་དང་། དབྱིན་ཇི་པ་སྐུ་ཞབས་ཕོ་ཏྲེ་ས་ཧེབ། མདའ་དཔོན་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་བཅས་ཀྱིས་བོད་རྒྱ་དབྱིན་གསུམ་ཐོག༼ བོད་རྒྱ་གཉིས་ཁྱིམ་མཚེས་ཡིན་པ་དང་། སུའང་སུའི་ཁོངས་གཏོགས་མིན་པ། གལ་སྲིད་བོད་ལ་བཙན་འཛུལ་བྱས་ན་ཕོ་ཟད་མོ་ལ་ཐུག་ཀྱང་རྒོལ་འཛིང་བྱ་རྒྱུ་ཡིན་༽པར་འཛམ་གླིང་ཡོངས་གྲགས་བྱས་ཡོད་ཀྱང་གུང་བྲན་ཏང་གིས་བོད་ལ་བཙན་འཛུལ་གྱི་གོམ་པ་སྐར་ཆ་གཅིག་ལའང་ཕྱིར་ནུར་བྱས་མྱོང་མེད།
སུས་ཀྱང་བསྒྱུར་ཐབས་མེད་པའི་དངོས་ཡོད་ཀྱི་བྱུང་བ་འདི་ནས་ལྟོས་ཚེ་རྒྱ་ནག་གཞུང་གིས༼ ༡༩༥༩ ཟླ ༣་པར་རྒྱས་མིས་ཏཱ་ལའི་བླ་མ་བཙན་ཁྲིད་བྱེད་རྩིས་ཡོད་པ་སོགས་ཀྱི་དཀྲོག་གཏམ་བསྒྲིགས་ནས་དད་ལྡན་ལ་མགོ་བསྐོར། ངན་སྐུལ་བྱས་ཤིང་ངོ་ལོག་ཟིང་འཁྲུག་བསླངས། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ལྷ་ས་ནས་ལྷོ་ཁ་བར་བྲོས་ཏེ་བོད་རང་བཙན་རྒྱལ་ཁབ་བཙུགས་པ་ཁྱབ་བསྒྲགས་བྱས་རྗེས་ཕྱི་རྒྱལ་དུ་བྲོས་བྱོལ་བྱས། འདི་ནི་བོད་ལྗོངས་ཀྱི་གནད་དོན་ཞེས་པའི་འབྱུང་ཁུངས་ཡིན་༽ཟེར་བ་ནི་རང་མགོ་རང་གིས་གཡོག་པའི་བཤད་སྟངས་ཤིག་ཅི་ལ་མིན་ནམ། ཡང་ན་ཁྱེད་ཚོའི་རླབས་ཆེན་གྱི་མའོ་ཙེ་ཏུང་གི་ཟིན་བྲིས་དེར་བསམ་བཞིན་ནག་བསུབ་གཏོང་འདོད་ཡིན་ནམ།
ལར་ནས་གླེང་མོལ་དང་གུ་ཡངས་ཀྱི་དུས་རབས་ཉེར་གཅིག་པ་འདི་ནི། ཤེས་ཡོན་དང་བདེན་དོན་རྩ་ཆེར་བརྩི་བའི་དུས་རབས་ཤིག་ཏུ་འགྱུར་བཞིན་པར་སོང་། བོད་ཀྱི་གནད་དོན་བྱུང་སྟངས་དང་བོད་ཀྱི་གནད་དོན་ལ་ངོས་འཛིན་བྱེད་སྟངས་སོགས་ནི། ཆབ་སྲིད་ཀྱི་དགོས་དབང་འབའ་ཞིག་གིས་གཡོ་བཅོས་བྱེད་ཐབས་མེད་ལ། ཚོར་བ་ཤུགས་ཆེན་ཡིན་པའི་སྨྱུག་འཛིན་པ་དག་གིས་གང་འདོད་བཤད་ཆོག་པ་ཞིག་མིན་ལ། བོད་ཀྱི་གནད་དོན་གྱི་ཁུངས་འཚོལ་དགོས་ན་བྱུང་རབས་དཔང་པོར་འཇོག་རྒྱུ་ལས་གཞན་ཅི་གང་ཡང་མེད།
གཞན་མིའི་རིགས་ཀྱི་ལོ་རྒྱུས་གླེང་དུས་བདེན་པ་ཚད་མར་འཛིན་རྒྱུ་ནི༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་མཛུབ་ཁྲིད་བྱས་པའི་མི་ཚེའི་བདེན་དོན་འཚོལ་སྟངས་ཤིག་ཀྱང་ཡིན་པས། རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་ལ་ཁྱ་འཁྱོག་སྟོང་ཕྲག་གི་འགྲེལ་བ་ཅི་ལྟར་རྒྱབ་ཀྱང་། འཛམ་གླིང་གི་མདུན་ས་རུ་བོད་ཀྱི་གནད་དོན་ནི་རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་བྱས་པ་ནས་བྱུང་བ་གསལ་བོ་ཆགས་ཟིན།
༢༠༡༡། ༤། ༢༨། ཉིན།