༢༠༡༡ ཟླ་ ༤ ཚེས་ ༢༥ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༢༡ དགོང་མོ་རྒྱ་ནག་གཞུང་གི་དམག་མི་སྣུམ་འཁོར་ ༡༠ ཙམ་རྔ་པ་ཀིརྟི་དགོན་པར་བཏང་འབྱོར་གྱིས་དགེ་འདུན་པ་ ༣༠༠ ཙམ་བཙན་འཁྲིད་བྱེད་སྐབས་རྔ་པ་ས་གནས་བོད་མི་མང་པོ་ཞིག་དང་ལྷག་པར་བོད་མི་རྒན་གྲས་ཁག་གཅིག་གིས་རྒྱ་མིའི་དམག་མི་ཚོར་འགོག་རྐྱེན་བཟོ་སྐབས་རྒྱ་མིའི་དམག་མིས་བོད་མི་རྣམས་ལ་གཅར་རྡུང་ཚད་མེད་བཏང་ཡོད་པ་མ་ཟད། བོད་མི་རྒན་གྲས་དོན་གོ་ཟེར་བ་རང་ལོ་ ༦༠ དང་ཤེར་སྐྱིད་རང་ལོ་ ༦༥ གཉིས་རྐྱེན་ལམ་དུ་བཏང་ཡོད། ཨ་མདོ་རྔ་པའི་ས་གནས་བོད་མི་དང་ཀིརྟི་དགོན་པའི་དགེ་འདུན་པ་རྣམས་ལ་རྒྱ་ནག་གཞུང་གིས་དྲག་གནོན་ཤུགས་ཆེ་བྱེད་བཞིན་པའི་ཛ་དྲག་གི་གནས་སྟངས་ཤིག་ཆགས་ཡོད་པར་བརྟེན། བཙན་བྱོལ་བོད་གཞུང་བཀའ་ཤག་གིས་རྒྱལ་སྤྱིའི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ། གྲོས་ཚོགས་ཀྱི་འཐུས་མི་བཅས་ལ་འབོད་སྐུལ་གྱི་ཞུ་ཡིག་ཅིག་ཕྱི་ཚེས་ ༢༣ རེས་གཟའ་སྤེན་པའི་ཉིན་ཕུལ་བའི་ནང་དོན་གཙོ་བོ་ནི།
ཁུངས་ལྡན་གནས་ཚུལ་ལ་གཞི་བཅོལ་ཏེ་དཔྱད་སྐབས་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་གནས་སྟངས་དེ་བཞིན་ད་ཆ་ཧ་ཅང་ཛ་དྲག་ཏུ་གྱུར་ཡོད།
ས་གནས་དེར་ཕྱི་མི་རྟོག་ཞིབ་པ་དང་ཁྲིམས་ཀྱི་སྲུང་སྐྱོབ་མེད་པ། རང་དབང་ཅན་གྱི་གསར་འགོད་པ་སོགས་ལ་དམ་བསྒྲགས་བྱེད་བཞིན་པར་བརྟེན། བོད་རིགས་མང་པོ་དམར་གསོད་གཏོང་རྒྱུའི་གནས་སྟངས་ཤིག་ཏུ་འགྱུར་སྲིད། ཛ་དྲག་གི་གནས་སྟངས་དེར་གཞིགས་ཏེ་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་རྒྱལ་སྤྱིའི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ། གྲོས་ཚོགས་འཐུས་མི་བཅས་ལ་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་དཀའ་ངལ་རྣམས་རྒྱ་ནག་གཞུང་གིས་དྲག་གནོན་ཐོག་ནས་སེལ་ཐབས་བྱེད་རྒྱུ་མཚམས་འཇོག་ཡོང་རྒྱུ་དང་། འཛིན་བཟུང་བྱས་པའི་དགེ་འདུན་པ་རྣམས་འཕྲལ་དུ་གློད་བཀྲོལ་ཡོང་ཆེད་རྒྱ་ནག་གཞུང་ལ་འབོད་སྐུལ་གནང་རོགས་ཞེས་ང་ཚོས་རེ་འདུན་ཞུ་བཞིན་ཡོད།
ཕྱོགས་མཚུངས་བདུན་ཕྲག་རྗེས་མར་ཨ་རི་དང་རྒྱ་ནག་གཉིས་དབར་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་ཚོགས་ཆེན་སྐབས་རྔ་པ་ཀིརྟི་དགོན་པ་དང་རྔ་པ་ས་གནས་བོད་མི་རྣམས་ལ་འཕྲད་བཞིན་པའི་དཀའ་ངལ་གྱི་གནད་དོན་དེ་ངེས་པར་དུ་གླེང་སློང་ཡོང་རྒྱུར་ང་ཚོས་རེ་བ་ཞུ་བཞིན་ཡོད་པ་མ་ཟད། རྒྱལ་ཁབ་གཞན་རྣམས་ཀྱིས་ཀྱང་རྒྱ་ནག་སྲིད་གཞུང་དང་གྲོས་མོལ་སྐབས་གནད་དོན་དེའི་སྐོར་ངེས་པར་དུ་གླེང་རོགས་ཞེས་འབོད་སྐུལ་ཞུ་བཞིན་ཡོད།
བོད་མི་ཚོའི་དོན་དམ་གྱི་དཀའ་ངལ་རྣམས་དྲག་པོའི་ལམ་ནས་སེལ་ཐབས་བྱེད་རྒྱུའི་ཐབས་ལམ་དེ་ནོར་བ་ཞིག་ཡིན། ཀིརྟི་དགོན་པའི་དགེ་འདུན་པ་ཚོར་དངོས་ཡོད་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་པ་དང་། དཀའ་ངལ་དེ་དག་སེལ་རྒྱུར་རྒྱ་ནག་གཞུང་གི་དཔོན་རིགས་ཚོར་གུ་ཡངས་དང་བཟོད་བསྲན་ཐོག་ནས་དཀའ་ངལ་སེལ་རྒྱུའི་འདུན་པ་དགོས་པ་ཡིན་ཞེས་སོགས་འཁོད་ཡོད་པ་བཅས།།
བཙན་བྱོལ་བོད་གཞུང་བཀའ་ཤག་གིས་རྒྱལ་སྤྱིའི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལ་འབོད་སྐུལ་ཞུས་པ།
གསར་གནས།
འབྲེལ་གནས།