༢༠༡༡ ཟླ་ ༤ ཚེས་ ༡༡ རེས་གཟའ་ཟླ་བ།
༅༅། །ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༡༠ ཉིན་རྡ་ས་མེ་གྷན་བོད་ཁྱིམ་ཉིན་སློབ་ཚོགས་ཁང་དུ་དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་དང་། དབུས་གཙང་ཆོལ་ཁའི་རྒྱུན་ལས། རྒྱལ་ཡོངས་ཆབ་སྲིད་བཙོན་གྲོལ་ཚོགས་པ་བཅས་ཀྱིས་གོ་སྒྲིག་ཐོག་བཀའ་ཁྲི་མཆོག་གིས་༸གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་རྒྱུའི་འཕྲལ་ཕུགས་ཀྱི་གལ་གནད་དང་། བགྲེས་ཡོལ་དུ་ཕེབས་རྗེས་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་གནས་བབས་སྐོར་ལ་གསུང་བཤད་གནང་ཡོད།
དེ་ཉིན་ཕྱེད་ཡོལ་ཆུ་ཚོད་ ༣ ཐོག་རྡ་ས་ཁུལ་གྱི་སེར་སྐྱ་མི་མང་བརྒྱ་ཕྲག་བརྒལ་བ་ལྷན་འཛོམས་ཐོག་བོད་མི་མང་སྤྱི་འཐུས་དང་དབུ་མའི་ལམ་གྱི་ལས་འགུལ་ཁང་གི་འཐུས་མི་ཟླ་བ་ཚེ་རིང་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་མཚམས་བཀའ་ཁྲི་མཆོག་གིས་གསུང་བཤད་གནང་དོན། དེ་རིང་འདི་གར་ཕེབས་པའི་སྐྱབས་ཡུལ་དགེ་འདུན་རྣམ་པ་དང་། བགྲེས་སོང་རྣམ་པ། གོ་སྒྲིག་གནང་མཁན་གྱི་ཚོགས་པ་གསུམ་གྱི་དབུ་ཁྲིད་རྣམ་པ། དེ་བཞིན་མང་ཚོགས་སོགས་ཚང་མར་ད་ལྟ་བཀུར་འོས་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་མིའི་ཆབ་སྲིད་དང་འཛིན་སྐྱོང་གི་དབུ་ཁྲིད་མཛད་རྒྱུའི་བཅའ་ཁྲིམས་ནང་གསལ་གི་སྐུ་དབང་དེ་དག་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འགོ་ཁྲིད་ཁག་ལ་རྩིས་སྤྲོད་གནང་རྒྱུར་ཐག་གཅོད་མཛད་དེ་ཉེ་ཆར་ཕྱི་ཟླ༌ ༣ ཚེས་ ༡༤ ཉིན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་ ༡༡ པའི་ཐོག་གསུང་འཕྲིན་ཕེབས་སྟབས་གྲོས་ཚོགས་ནས་བསྐྱར་དུ་དགོངས་བཞེས་མཛད་རྒྱུར་གསོལ་འདེབས་ཞུས་པར་ཡང་ཞལ་བཞེས་མ་ཐོབ་པར་བརྟེན། ད་ལྟ་༸གོང་ས་མཆོག་གི་བཀའ་དགོངས་བཞིན་བཅའ་ཁྲིམས་བསྐྱར་བཅོས་བྱེད་རྒྱུའི་ལས་རིམ་འགྲོ་བཞིན་པ་རེད། རིང་པོར་མ་ཐོག་པར་བོད་རྒྱལ་ཡོངས་གཞུང་མང་ཚོགས་ཆེན་དང།
སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་འཕར་མའི་ཐོག་ནས་ད་ལྟ་བཅའ་ཁྲིམས་ཀྱི་ཆ་རྐྱེན་འགྱུར་བ་འགྲོ་གི་ཡོད། བཅའ་ཁྲིམས་ཀྱི་ཆ་རྐྱེན་དེ་དག་འགྱུར་བ་ཕྱིན་ན་ད་བར་བཅའ་ཁྲིམས་ཀྱི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་། འཛིན་སྐྱོང་གི་དབུ་ཁྲིད་ཀྱི་མཚན་གནས་རྗེས་འབྲེལ་གྱི་སྐུ་དབང་དེ་དག་ཕྱིར་བསྡུ་བྱེད་རྒྱུ་རེད། དེར་བརྟེན་ད་ལྟའི་ང་ཚོས་ལག་བསྟར་བྱེད་བཞིན་པའི་བཅའ་ཁྲིམས་དོན་ཚན་ ༣༩ ཞིག་བསྐྱར་བཅོས་འགྲོ་གི་ཡོད། དེ་དག་བསྐྱར་བཅོས་ཕྱིན་པའི་སྐབས་༸གོང་ས་མཆོག་གི་མཚན་ཐོག་ལ་ཡོད་པའི་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་གཉིས་ཀ་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པ་དང། སྤྱི་འཐུས་ལྷན་ཚོགས། སྤྱི་འཐུས་ཚོགས་གཙོ་བཅས་ལ་འཆར་འབུལ་བྱས་ཏེ། མ་འོངས་པར་བཅའ་ཁྲིམས་ནང་༸གོང་ས་མཆོག་གི་མཚན་གནས་རྗེས་འབྲེལ་གྱི་སྐུ་དབང་དང་མཛད་འཁུར་གང་ཡང་མེད་པ་ཆགས་རྒྱུའི་གནས་ཚུལ་དེ་དངོས་ཡོད་རེད། ཐོག་མར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེངས་མང་མགོན་པོ་གང་ཉིད་མཆོག་ཕྱེད་བགྲེས་ཡོལ་དང་བགྲེས་ཡོལ་ཆ་ཚང་ཕེབས་རྒྱུའི་སྐོར་འཆར་ཅན་བཀའ་སློབ་ཕེབས་སྐབས་བེད་སྤྱོད་མཛད་རྒྱུ་ཚིག་གཅིག་རེད་མ་གཏོགས་གསུང་འཕྲིན་ཁག་ལ་བགྲེས་ཡོལ་ཞེས་པའི་ཚིག་དེ་མེད། གསུམ་བཅུའི་དུས་དྲན་དང་གྲོས་ཚོགས་སུ་སྩལ་བའི་གསུང་འཕྲིན་དེ་དག་ལ་ཚང་མས་ཐུགས་ཞིབ་གནང་ཡོད་ངེས་རེད། གྲོས་ཚོགས་ལ་སྩལ་བའི་གསུང་འཕྲིན་དེ་ཧ་ཅང་གི་ཞིབ་ཚགས་པོ་དང་རྒྱས་པོ་ཡོད། དེ་འགོ་ནས་མཇུག་བར་སྐུ་དབང་ཕྱིར་བསྡུ་མཛད་རྒྱུ་དང། སྐུ་དབང་གསོལ་རས་སྩལ་རྒྱུའི་བཀའ་སློབ་མ་གཏོགས་བགྲེས་ཡོལ་ཞེས་པའི་ཚིག་དེ་བེད་སྤྱོད་མཛད་མེད། བགྲེས་ཡོལ་ཞེས་བརྗོད་དུས་ན་ཚོད་ཀྱི་ཆ་ནས་ཡོལ་མཚམས་ཤིག་ལ་ལས་ཀ་འཇོག་དགོས་རྒྱུའི་གནས་སྟངས་ལ་ད་བར་བེད་སྤྱོད་གཏོང་བཞིན་ཡོད། ཚིག་འདི་ཆབ་སྲིད་ཀྱི་གནས་བབས་ཐོག་ནས་ནོར་འཁྲུལ་འགྲོ་སྲིད་པ་ཞིག་ཡིན།
༸རྒྱལ་དབང་སྐུ་ཕྲེང་ ༡༤ པ་ཆེན་པོ་མཆོག་དགུང་གྲངས་མཐོ་བོར་ཕེབས་པར་བརྟེན་བགྲེས་ཡོལ་ཕེབས་རྒྱུ་དང། ཡང་༸རྒྱལ་དབང་སྐུ་ཕྲེང་གཞན་པ་ཞིག་དགུང་ལོ་གཞོན་དྲག་ན་བསྐྱར་དུ་དགོངས་བཞེས་མཛད་རྒྱུ་ལྟ་བུར་གོ་བ་ལེན་སྲིད་པ་རེད། དེར་བརྟེན་བཀའ་ཡིག་དེ་ཚོའི་ནང་དབང་ཆ་རྩིས་སྤྲོད་མཛད་རྒྱུའི་ཚིག་མ་གཏོགས་མགོན་པོ་གང་ཉིད་མཆོག་བགྲེས་ཡོལ་དུ་ཕེབས་རྒྱུའི་ཚིག་དེ་བེད་སྤྱོད་མཛད་མེད། ༸གོང་ས་མཆོག་གིས་དབང་ཆ་མང་ཚོགས་ལ་རྩིས་སྤྲོད་མཛད་རྒྱུ་དང། ལྷག་པར་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཙམ་མིན་པར་༸གོང་ས་ལྔ་པ་ཆེན་པོ་ནས་དབུ་འཛུགས་བསྐྱངས་པའི་ཆབ་སྲིད་དང་འཛིན་སྐྱོང་གི་ཐུགས་འགན་དེ་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པའི་ཐོག་མཚམས་འཇོག་མཛད་རྒྱུ་དང། དེ་ནས་བཟུང་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འགོ་ཁྲིད་ནས་ལས་འགན་ཞུ་དགོས་རྒྱུ་འདི་ལོའི་གསུམ་བཅུའི་དུས་དྲན་དང། གྲོས་ཚོགས་སུ་སྩལ་བའི་གསུང་འཕྲིན། དེ་བཞིན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་བཅོ་ལྔ་མཆོད་པའི་སྐྱེས་རབས་གསུང་ཆོས་སྐབས་སུ་༸གོང་ས་མཆོག་གིས་ཞལ་དྲོན་མོ་ནས་མང་ཚོགས་འདུ་འཛོམས་ཐོག་ཧ་ཅང་གསལ་པོ་བཀའ་སློབ་ཕེབས་ཡོད། དེའི་ཐོག་ངས་བསྐྱར་ལྡབ་ཞུ་དགོས་པའི་གནས་སྟངས་ཆགས་མེད། ༸རྒྱལ་བ་རིན་པོ་ཆེ་མཆོག་གི་གསུང་འཕྲིན་སྔ་རྗེས་དང། སྐྱེས་རབས་གསུང་ཆོས་སྐབས་བཀའ་ཕེབས་པའི་ནང་མ་གསལ་བ་ཞིག་དང། དེའི་ནང་མ་འདུས་བ་ཞིག་གཅིག་ཀྱང་ལྷག་མེད། དེར་བརྟེན་དེ་དག་ལྷན་རྒྱས་ཚོས་གོ་ཐོས་བྱུང་ཡོད་བཞག་བྱེད་ཀྱི་ཡོད། གལ་སྲིད་དེ་ལྟར་བྱུང་མེད་ན་ཐུགས་སྣང་གནང་དགོས་རྒྱུ་ཞིག་རེད། ད་ལྟའང་བརྙན་པར་དང་དྲ་རྒྱའི་ཐོག་ལ་ཡོད། གསན་འདོད་དང་གཟིགས་འདོད་ཡོད་རིགས་ནས་བསྐྱར་ལྡབ་བྱས་ཏེ། གཟིགས་ན་༸གོང་ས་མཆོག་གིས་ཞིབ་ཚགས་པོའི་ཐོག་བཀའ་སློབ་སྩལ་ཡོད། བརྒྱུད་འཛིན་གྱི་རྒྱལ་པོ་དང་བླ་མ་ཡིན་ནའང་འདྲ། གང་ལྟར་མི་གཅིག་ལ་སྲོལ་རྒྱུན་གྱི་སྒོ་ནས་འགོ་ཁྲིད་ཀྱི་ལས་འགན་བསྐོ་རྒྱུའི་དུས་ཚོད་ཡོལ་ཚར་བ་རེད། ད་ལྟ་དུས་རབས་ ༢༡ པའི་ནང་མི་མང་གི་འགན་དེ་ངེས་པར་དུ་མི་མང་གིས་འཁྱེར་ཐུབ་པ་དགོས་ཀྱི་རེད་ཅེས་དོན་སྙིང་འདི་རེད། ཞེས་དང་། ཡང་བཀའ་ཁྲི་མཆོག་གིས་གསུང་དོན། ༸གོང་ས་མཆོག་གིས་སྐུ་དབང་རྩིས་སྤྲོད་མཛད་དགོས་པའི་རྒྱུ་མཚན་གཙོ་བོ་དེ་བོད་པའི་སྤྱི་ཚོགས་མང་གཙོའི་ལམ་སྲོལ་གྱི་འཕེལ་རིམ་ཡོངས་སུ་རྫོགས་པ་ཡོང་ཆེད་དང། ང་ཚོ་བོད་པར་དམིགས་བསལ་༸གོང་ས་ལྔ་པ་ཆེན་པོ་ནས་འདས་པའི་ལོ་ངོ་ ༣༦༩ ནང་བོད་མིས་༸རྒྱལ་བ་སྐུ་ཕྲེང་རིམ་བྱོན་ལ་སྙེས་པའི་བསམ་བློའི་བག་ཆགས་མཐུག་པོ་དེ་སངས་ཏེ་བོད་མིའི་སྤྱི་ཚོགས་རང་ཁ་རང་འཚོ་ཐུབ་རྒྱུའི་ཆེད་དུ་ཡིན་པ་དང། དབུ་མའི་ལམ་གྱི་སྲིད་བྱུས་དེ་༸གོང་ས་མཆོག་གིས་ལམ་སྟོན་མཛད་པ་ཞིག་ཡིན་ནའང་། མང་གཙོའི་ལམ་སྲོལ་བརྒྱུད་ནས་མི་མང་གི་ཐག་གཅོད་གནང་བ་ཞིག་ཡིན། དེ་བཞིན་བཀའ་ཁྲི་མཆོག་གིས་དབུ་མའི་ལམ་གྱི་སྲིད་བྱུས་དང་༸གོང་ས་མཆོག་གི་སྐུ་དབང་དབར་འབྲེལ་བ་མེད་པ་ཞིག་དང་དབུ་མའི་ལམ་རྒྱུན་གནས་ཐུབ་རྒྱུ་ཡིན་སྐོར་དང་།
དེང་སྐབས་དྲ་རྒྱའི་ནང་རྒྱ་ནག་གིས་གླ་ཆ་སྤྲད་དེ་བསམ་ཚུལ་འབྲི་མཁན་གང་ཙམ་ཡོད་ནའང། དེ་ཚོར་ཕྱི་སྡོད་རྒྱ་མི་ཚོས་སྒོར་ཟུར་ལྔ་པ་ཞེས་མིང་བཏགས་ཡོད་ལ་བདེན་པའི་ལན་འདེབས་དེ་དྲ་རྒྱ་རང་གི་ནང་དུ་ཞི་བའི་སྤྱི་ཚོགས་དང་མང་ཚོགས་ནས་རང་འགུལ་གྱི་ལན་འདེབས་བྱེད་དགོས་པ་ལས་སྒྲིག་འཛུགས་དང་ལས་ཀྱི་སྣེ་མོ་བ་ཚོས་ལན་འདེབས་བྱས་ན་དོན་སྙིང་མེད་པ་ཞིག་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་རྗེས་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱི་ཐུགས་རྗེ་ཆེ་གྲོལ་བ་བཅས་སུ།།