༢༠༡༡ ཟླ་ ༤ ཚེས་ ༢༨ རེས་གཟའ་ཕུར་བུ།
༄༅།། ཨིན་ཡུལ་པེས་ཊ་ལོ་ཛི་ (Pestalozzi International Village Trust, East Sussex, UK) རྒྱལ་སྤྱིའི་ཐེབས་རྩ་ནས་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༡ ལོར་འཛིན་རིམ་བཅུ་པ་ཐོན་པའི་བོད་མི་སྐྱབས་བཅོལ་བའི་སློབ་ཕྲུག་རྣམས་ལ་ཨིན་ཡུལ་པེས་ཊ་ལོ་ཛི་ཚོགས་པ་ནས་སློབ་ཕྲུག་ཉུང་མཐར་ ༥ ལ་ (Sussex Coast College, Hasting, East Sussex) མཐོ་སློབ་ཏུ་ (International Baccalaureate Diploma Course) ལོ་གཉིས་ཀྱི་སློབ་སྦྱོང་ཆེད་སློབ་ཡོན་གནང་རྒྱུ་ཞལ་བཞེས་བྱུང་བར།
འཛིན་རིམ་བཅུ་པའི་ཡིག་རྒྱུགས་ནང་ཉུང་མཐའི་བརྒྱ་ཆ་ ༦༠ /Grade B2 ཡན་ལོན་པའི་སློབ་ཕྲུག་རྣམས་ནས་འཚང་རྒྱུགས་ནང་ཞུགས་ཆོག་རྒྱུ་དང་། གོང་གསལ་ཚོགས་པ་ནས་ཚུད་རྒྱུགས་སྐབས་སྐུ་ཚབ་ཆེད་ཕེབས་ཀྱིས་ཨིན་ཇིའི་སྐད་ཡིག་འབྲི་རྒྱུགས་དང་ངག་རྒྱུགས། ཚན་རིག་དང་ཨང་རྩིས་འབྲི་རྒྱུགས་བཅས་ཀྱི་ལམ་ནས་མཐའ་མའི་མི་འགྲོ་འདེམས་སྒྲུག་གནང་རྒྱུ་ཡིན་པ་དེ་དོན་གོང་གསལ་སློབ་ཕྲུག་ནས་གྲ་སྒྲིག་ཨང་གསར་གནང་དགོས་པའི་གསལ་བསྒྲགས།
ཀ༽ གོང་གསལ་སློབ་ཡོན་ཞུ་ལེན་གྱི་དགོས་ངེས་ཆ་རྐྱེན་དང་། འཚང་སྙན་འབུལ་ཕྱོགས།
༡། འཛིན་རིམ་བཅུ་པའི་ཡིག་རྒྱུགས་གྲུབ་འབྲས་ཨང་ཤོག (Marks Card) གི་ངོ་བཤུས་སམ། རང་ ཉིད་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཨང་གྲངས་ (Board Examination Roll Number) ཞུ་སྙན་ནང་ངེས་པར་བཀོད་ཐོག་དེའི་ངོ་བཤུས་ཞུ་སྙན་མཉམ་དུ་འབུལ་ནའང་འཐུས་རྒྱུ།
༢། དོ་བདག་དང་ཕ་མའི་དང་བླངས་དཔྱ་དངུལ་ཕྱི་ལོ་ ༢༠༡༠ ཟླ་ ༡༢ བར་གཙང་ཕུལ་ཟིན་པའི་ལག་དེབ་ཀྱི་ངོ་བཤུས་སྟེང་ས་གནས་འགོ་འཛིན་ནས་དག་མཆན་འགོད་དགོས།
༣། རྒྱ་གར་སྐྱབས་བཅོལ་ལག་དེབ་ཐོག་ཁྲིམས་མཐུན་དུས་འགྱངས་བཀའ་འཁྲོལ་ཞུས་པའི་ངོ་བཤུས། གལ་ཏེ་ལག་དེབ་དུས་འགྱངས་ཞུ་ཆེད་བཏང་ཟིན་པ་ཡིན་ཚེ་འབྲེལ་ཡོད་ལས་ཁུངས་ནས་བྱུང་འཛིན་ངོ་བཤུས་སམ་གནས་ཡུལ་ས་གནས་འགོ་འཛིན་གྱི་ངོས་སབྱོར་གང་རུང་དགོས།བལ་ཡུལ་དང་འབྲུག་ཁུལ་གནས་སྡོད་སྙན་འབུལ་བ་ཡིན་ན་བོད་མི་སྐྱབས་བཅོལ་བ་དངོས་འབྲེལ་ཡིན་པ་ངོས་འཛིན་ཐུབ་པར་ས་གནས་རང་བདེན་ཚོགས་ཆུང་གི་ངོ་སྤྲོད་རྒྱབ་གཉེར་ཐོག་ས་གནས་འགོ་འཛིན་ནས་ཞིབ་འཇུག་གིས་ངོས་སབྱོར་ཡིག་ཆ་ངེས་པར་དུ་ཞུ་འབུལ་དགོས།
༤། ཕ་མ་བོད་ནང་ཡོད་པའམ། ཕ་མ་ཡ་བྲལ། ཡང་ན་འདས་གྲོངས་སོང་བ་ཡིན་ཚེ་ས་གནས་འགོ་འཛིན་ནམ། བོད་གཞུང་ཤེས་རིག་ཁྱབ་ཁོངས་འཛིན་རིམ་བཅུ་པ་བར་ཡོད་པའི་སློབ་གྲྭའི་སློབ་སྤྱི་གང་རུང་གི་ངོས་སབྱོར་འབུལ་དགོས།
༥། འཛིན་རིམ་བཅུ་པའི་ཡིག་རྒྱུགས་གྲུབ་འབྲས་ཨང་ཤོག་དང་ལག་འཁྱེར་གཞན་གྱི་ངོ་བཤུས་ཐོག་ས་གནས་འགོ་འཛིན་ནམ། ཟུང་དྲུང་གནས་རིམ་ཡན་གྱི་གཞུང་ཞབས། ཡང་ན་བོད་གཞུང་ཤེས་རིག་ཁྱབ་ཁོངས་ཉུང་མཐར་འཛིན་རིམ་བཅུ་པ་ཡོད་པའི་སློབ་གྲྭའི་སློབ་སྤྱི་གང་རུང་གི་ཞིབ་བཤེར་ཟིན་པའི་འགན་ལེན་དག་མཆན་ (Attestation) ཡོད་དགོས།
༦། འདི་ནས་དོ་བདག་སོ་སོར་དུས་ཐོག་གནས་འབྲེལ་ཐུབ་རྒྱུའི་སླད་ཞུ་སྙན་ནང་གནས་འབྲེལ་བྱ་ཡུལ་ཁ་བྱང་དང་། གློག་འཕྲིན། ཁ་པར་ཨང་སོགས་ཁ་གསལ་འགོད་དགོས།
༧། འཚང་སྙན་མཉམ་དུ་གནས་འབྲེལ་སྦྲག་གླ་སོགས་ཀྱི་ཆེད་ཧིན་སྒོར་ ༥༠ འབུལ་དགོས།
༨། ངོས་འཛིན་ཡོད་པའི་བོད་ལུགས་སྨན་པའམ། དེབ་བསྐྱེལ་ཡོད་པའི་ཕྱི་ལུགས་སྨན་པ་གང་རུང་ཞིག་གི་གཟུགས་ཁམས་བདེ་ཐང་ཡིན་པའི་ལག་འཁྱེར།
ཁ༽ གོང་གསལ་སློབ་ཡོན་ཆེད་དམིགས་བསལ་ཐུགས་སྣང་དགོས་གལ་ཁག
༡། ཕྱི་ལོ་ ༢༠༡༡ ལོར་འཛིན་རིམ་བཅུ་པ་ཐོན་མཁན་སློབ་ཕྲུག་རྣམས་ནས་ཞུ་སྙན་འབུལ་ཆོག་ཀྱང་། འདི་ནས་ཡིག་རྒྱུགས་གྲུབ་འབྲས་ལ་གཞིགས་ཏེ་བརྒྱ་ཆ་རྩེ་བཏོག་གིས་ (Shortlist) སློབ་ཕྲུག་གྲངས་ ༣༥ ཚུད་རྒྱུགས་ཁོངས་སུ་འདེམས་སྒྲུག་བྱ་རྒྱུ།
༢། འབྲེལ་ཡོད་མཐོ་སློབ་ནས་ལོ་ཚད་ཆ་རྐྱེན་གཏན་འབེབས་ཡོད་པར་བརྟེན། ཕྱི་ལོ་ ༡༩༩༤ ཟླ་ ༨ ཚེས་ ༣༡ རྗེས་སུ་སྐྱེས་པ་ཞིག་དགོས།
༣། ནང་མིའི་ཡོང་འབབ་ཆུང་གྲས་སམ་ཉམ་ཐག་ཁོངས་ཡིན་པ་དང་། ཨིན་ཡུལ་དང་ཕྱི་རྒྱལ་ཡུལ་ཁག་གཞན་གྱི་ནང་སྤན་ཉེ་སོགས་མེད་པའི་ངོས་སབྱོར་ས་གནས་འགོ་འཛིན་ནས་ཞུས་ཏེ་འབུལ་དགོས་རྒྱུ། གལ་ཏེ་འདེམས་སྒྲུག་བྱུང་རྗེས་དྲང་བདེན་མ་ཡིན་པའི་གནས་ཚུལ་ཐོན་ཚེ་གོང་གསལ་སློབ་གྲྭ་ནས་སློབ་བཞེས་གནང་རྒྱུ་མིན་པའི་བརྡ་ལན་བྱུང་སོང་བས་དེ་དོན་ཡིད་གཟབ་ཞུ།
༤། སློབ་ཡོན་འདིའི་འཚང་སྙན་འགེངས་ཤོག་ཁག་གཉིས་འདི་ག་ལས་ཁུངས་ཀྱི་དྲ་ཚིགས་ www.sherig.org ནང་བཞག་ཡོད་པས་ཕབ.་བཤུས་ཀྱིས་འགེངས་ཤོག་ (Pestalozzi Application forms for candidates) སློབ་ཕྲུག་རང་ཉིད་ནས་བཀང་སྟེ་འཚང་སྙན་མཉམ་དུས་བཀག་ནང་ཚུད་འབུལ་དགོས་པ་དང་། (Pestalozzi Questionnaire form for Referees-2012) རང་ཉིད་ཀྱི་སློབ་གྲྭའི་སློབ་སྤྱིའམ་འབྲེལ་ཆགས་དགེ་རྒན་ནས་བཀང་སྟེ་འདི་གར་གསང་བའི་ཐོག་དུས་བཀག་ནང་ཚུད་འབུལ་དགོས་པ་ཡིན།
༥། སྙན་འབུལ་བ་གང་ཞིག་དབུས་ཉམ་ཐག་ཁོངས་ཡིན་ཚེ་ཉམ་ཐག་གི་ཨང་གྲངས་དང་བཅས་པའི་སློབ་ཕྲུག་གི་ནང་མིའི་གནས་སྟངས་ཀྱི་ངོ་སྤྲོད་ཡིག་ཆུང་ཨིན་ཡིག་ཐོག་སློབ་སྤྱིའམ་ས་གནས་འགོ་འཛིན་ནས་ཞུས་ཏེ་ཞུ་སྙན་མཉམ་དུ་འབུལ་དགོས།
༦། ་ཕྱི་ལོ་ ༢༠༡༢ ཟླ་ ༨ པའི་ནང་སློབ་བཅར་དགོས་པར་བརྟེན། ཕྱིར་བསྐྱོད་ལག་དེབ་སེར་པོ་ (IC) དུས་ཐོག་ཐོན་ཐབས་དོ་བདག་སོ་སོ་ནས་འགན་འཁུར་དགོས་པ་ཡིན།
༧། ཚུད་རྒྱུགས་སྐབས་ཀྱི་འགྲོ་གྲོན་ཆ་ཚང་སློབ་ཕྲུག་རང་ངོས་ནས་བསྒྲུབ་དགོས་པ་ཡིན།
༨། འཚང་སྙན་དུས་ཐོག་མ་འབྱོར་བ་དང་། ཆ་རྐྱེན་མ་ཚང་བའི་རིགས་ལ་ངོས་བཞེས་གནང་རྒྱུ་མིན།
༩། དུས་བཀག་གི་ཉིན་གྲངས་ ༡༤ སྔོན་ཚུད་འཚང་སྙན་ཕུལ་འབྱོར་བྱུང་བ་རྣམས་ལ་འདི་ནས་དགོས་ངེས་ཡིག་ཆ་ཚང་མིན་བརྡ་ལན་བྱ་རྒྱུ་དང་། དེའི་རྗེས་སུ་ཕུལ་འབྱོར་བྱུང་བ་རྣམས་ལ་བརྡ་ལན་བྱ་རྒྱུ་མིན།
༡༠། དོགས་འདྲི་ཡོད་ཚེ་གཤམ་འཁོད་ཁ་བྱང་ཐོག་འབྲེལ་བ་གནང་དགོས།
༡༡། འཚང་སྙན་མཉམ་དགོས་མཁོའི་ཡིག་ཆ་ཁག་ཆད་ལུས་མེད་པ་ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡༥ འགྱངས་མེད་གཤམ་གསལ་ཁ་བྱང་ཐོག་འབུལ་དགོས་པ་དང་། འཚང་རྒྱུགས་སླད་ངོ་བཅར་སྐབས་གོང་གསལ་ཡིག་ཆ་ངོ་མ་མཉམ་འཁྱེར་དགོས་རྒྱུ་དང་། དེ་མ་བྱུང་ཚེ་ཀ་ཀོར་གླེང་མེད་ཐོག་འཚང་རྒྱུགས་ནང་ཞུགས་རྒྱུའི་གོ་སྐབས་མེད་པ་དེ་དོན་ཡིད་འཇགས་ཞུ་བཅས། བོད་གཞུང་ཤེས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༢༦ ལ།།
SECRETARY
Department of Education CTA
Gangchen Kyishong
Dharamsala-176 215
Dist. Kangra
Himachal Pradesh
Ph: 01892 226695, 222572, 222721
Fax:01892 223481
Email: [email protected]
Website: www.sherig.org