༢༠༡༡ ཟླ་ ༤ ཚེས་ ༥ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༠༨ ལོར་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་དཔལ་འབྱོར་ཚེ་རིང་མཆོག་དང་། བོད་གཞུང་བདེ་ལེགས་སྨན་ཁང་གི་འགན་འཛིན་ཟླ་བ་ཕུན་སྐྱིད་ལགས། བདེ་ལེགས་སྨན་ཁང་གི་སྤྱི་ཁྱབ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་རྣམ་གསུམ་ཨི་ཊ་ལིར་གཞུང་འབྲེལ་ལས་དོན་སླད་ཆེད་ཕེབས་ཀྱིས་ཨི་ཊ་ལི་གཞུང་དང་། (A.I.S.P.O) རོགས་ཚོགས་དབར་གྲོས་མཐུན་བྱུང་སྙིང་། ཨི་ཊ་ལི་གཞུང་ནས་གོང་གསལ་རོགས་ཚོགས་བརྒྱུད་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཊི་བྷི་འགོག་བཅོས་ཐོག་མཐུན་འགྱུར་གནང་རྒྱུ་གནང་བ་ལྟར། བདེ་ལེགས་སྨན་ཁང་ནང་དུ་ཡོད་པའི་རོགས་ཚོགས་ཀྱི་སྐུ་ཚབ་བརྒྱུད་ཆེས་ཐོན་གསར་ཊི་བྷི་ནད་འབུ་བརྟག་དཔྱད་འཕྲུལ་འཁོར་(fluroscent microscope) གསར་པ་རེ་རང་རེའི་སྨན་ཁང་ཆེ་ཁག་བཞིའི་ནང་འཇོག་གཏན་འཁེལ་བ་ལྟར། ད་ལམ་རྒྱ་གར་ལྷོ་ཕྱོགས་ཅེན་ནའེ་ནས་ཆེད་ལས་པ་ཆེད་འབོད་ཀྱིས་རང་རེའི་སྨན་ཁང་ཁག་བཞིའི་ཁྲག་ལུད་བརྟག་དཔྱད་པ་ (laboratory technician) རྣམས་ལ་བོད་གཞུང་བདེ་ལེགས་སྨན་ཁང་དུ་ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༦ དང་ ༧ ཉིན་གཉིས་རིང་འཕྲུལ་འཁོར་གསར་པ་དེ་བཞིན་བེད་སྤྱོད་གནང་ཕྱོགས་ཐོག་ཟབ་སབྱོང་ཞིག་གནང་གཏན་འཁེལ་ཡོད།འཁྲུལ་འཁོར་དེ་ནི། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ (WHO) ཀྱི་ཚད་ལྡན་ངོས་འཛིན་རྒྱབ་གཉེར་ཡོད་རིགས་ཡིན་ཅིང་། དེའི་ཁྱད་ཆོས་ནི། གློག་ཡོད་མེད་ལ་མ་ལྟོས་པར་བེད་སྤྱོད་བྱེད་རྒྱུ་ཡོད་པ་མ་ཟད། བརྟག་དཔྱད་གྲུབ་འབྲས་ཀྱང་ཐོན་མགྱོགས་པ་ཡོད། འདི་ནི་རང་རེའི་སྤྱི་ཚོགས་ནང་ཊི་བྷི་སྨན་བཅོས་ཐོག་གོམ་པ་མདུན་སྤོ་བྱེད་བཞིན་པའི་རྣམ་པ་ཞིག་ཡིན། བོད་གཞུང་འཕྲོད་བསྟེན་ལས་ཁུངས་ནས། ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༥ ལ།།
ཊི་བྷི་ནད་འབུ་བརྟག་དཔྱད་ཟབ་སྦྱོང་།
གསར་གནས།
འབྲེལ་གནས།