ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༢༡ རེས་གཟའ་ཕུར་བུ།
༄༅། །ཨོ་སི་ཊོ་ལི་ཡའི་ནང་རྟེན་གཞི་བྱས་པའི་ཨོ་སི་ཊོ་ལི་ཡའི་བོད་དོན་ལྷན་ཚོགས་ (Australia Tibet Council) ཞེས་པའི་འཛིན་སྐྱོང་འགནའཛིན་སྐུ་ཞབས་པོལ་བྷོར་ཀི་ (Paul Bourke) མཆོག་གི་མཚན་གནས་ཐོག་ཨོ་སི་ཊོ་ལི་ཡའི་སྲིད་བློན་ལྕམ་སྐུ་ཇུ་ལི་ཡ་གྷི་ལ་ཌི་ (Julia Gillard) མཆོག་ལ་འབོད་སྐུལ་ཞུ་ཡིག་གཅིག་ཕུལ་འདུག དེ་ཡང་ཞུ་ཡིག་གི་ནང་དོན་གཙོ་བོ་ནི། ཨོ་སི་ཊོ་ལི་ཡའི་སྲིད་བློན་མཆོག་རྒྱ་ནག་ཏུ་ཟླ་བ་འདིའི་ཟླ་མཇུག་ཏུ་རྒྱལ་དོན་འཚམས་གཟིགས་སུ་ཕེབས་སྐབས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། ལྷག་པར་བོད་ནང་གི་ད་ལྟའི་གནས་སྟངས་སྐོར་རྒྱ་ནག་དཔོན་རིགས་ཚོ་དང་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུས་ཡོད། དེ་ཡང་ཞུ་ཡིག་ནང་འཁོད་དོན།
ང་ཚོས་སྐུ་ཉིད་རྒྱ་ནག་ཏུ་རྒྱལ་དོན་འཚམས་གཟིགས་སྐབས་ཀྱི་གནད་དོན་གཙོ་བོ་དེ་བཞིན་ཚོང་དོན་དང་དཔལ་འབྱོར་སྐོར་ཆགས་རྒྱུ་ཡིན་པ་ཤེས་ཀྱི་ཡོད་ཀྱང་། སྐུ་ཉིད་ཨོ་སི་ཊོ་ལི་ཡའི་སྲིད་བློན་གྱི་མཚན་གནས་ཐོག་རྒྱ་ནག་ཏུ་རྒྱལ་དོན་འཚམས་གཟིགས་ཕེབས་ཐེངས་དང་པོ་དེ་ཆགས་བཞིན་ཡོད་པར་བརྟེན། ཨོ་སི་ཊོ་ལི་ཡ་དང་རྒྱ་ནག་དབར་ད་ལྟའི་འབྲེལ་ལམ་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་གལ་གནད་ཆེན་པོ་ཞིག་ཏུ་བརྩི་འཇོག་ཐུབ་པ་དགོས་རྒྱུ་དེ་ཧ་ཅང་གལ་འགངས་ཆེན་པོ་ཡིན་པ་ང་ཚོས་ཡིད་ཆེས་བྱེད་བཞིན་ཡོད་ཅེས་འཁོད་ཡོད་པ་མ་ཟད། ཞུ་ཡིག་དེའི་ནང་ཉེ་ལམ་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཁག་གཅིག་གིས་བོད་ནང་སྐོར་བསྐྱོད་ཕེབས་ཏེ་སྙན་ཐོ་ཞིག་བཏོན་པའི་ནང་། བོད་ནང་དཔལ་འབྱོར་འཛུགས་སྐྲུན་གྱི་ཡར་རྒྱས་ཧ་ཅང་འགྲོ་བཞིན་ཡོད་ནའང་། བོད་ནང་རྒྱ་མི་འབོར་ཆེན་གནས་སྤོས་བྱས་པ་དང་། བོད་མི་དང་རྒྱ་རིགས་གཉིས་ཀྱི་དཔལ་འབྱོར་གྱི་གནས་སྟངས་ཆ་མི་སྙོམ་པ་ཆགས་པ་དང་། བོད་མི་ཚོའི་ཆོས་དད་རང་དབང་ལ་དམ་བསྒྲགས་བྱས་པ་སོགས་ཀྱི་གནས་སྟངས་ལ་བརྟེན་ནས་བོད་མི་རྣམས་འདོད་བློ་མི་ཁེངས་པ་ཆགས་པ་སོགས་ལུང་འདྲེན་གནང་སྟེ། བོད་མི་རྣམས་ལ་ཆབ་སྲིད་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུའི་ཐོབ་ཐང་སྤྲོད་དགོས་པའི་སྐོར་སོགས་འཁོད་ཡོད་པ་མ་ཟད། བོད་མི་ཀརྨ་བསམ་གྲུབ་ལགས་དང་ནོར་འཛིན་དབང་མོ་ལགས་སོགས་བོད་མི་ཤེས་ཡོན་ཅན་དང་སྒྱུ་རྩལ་བ། རྩོམ་པ་པོ། ལས་འགུལ་བ་སོགས་ལ་རྒྱ་ནག་གཞུང་གིས་དམ་བསྒྲགས་བྱེད་རྒྱུ་ཤུགས་ཆེ་རུ་གཏོང་བཞིན་ཡོད་པས་སེམས་འཚབ་ཆེན་པོ་ཡོད་སྐོར་སོགས་འཁོད་ཡོད།
དེ་བཞིན་ཞུ་སྙན་ནང་འཁོད་དོན། རྒྱ་ནག་གཞུང་གིས་བོད་མི་ཚོའི་དཀའ་ངལ་རྣམས་སེལ་རྒྱུའི་ཚབ་ཏུ་དམ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད། ད་ཆ་བོད་ནང་ཆབ་སྲིད་བཙོན་པ་ ༧༠༠ ཙམ་ཡོད་པའི་ནང་ནས་མང་པོ་ཞིག་ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་སུ་འཛིན་བཟུང་བྱས་པ་རེད་ཅེས་སོགས་འཁོད་ཡོད། ཕྱོགས་མཚུངས་ཞུ་སྙན་དེའི་ནང་བོད་རྒྱ་འབྲེལ་མོལ་དེ་བཞིན་ཕྱི་ལོ་ ༢༠༠༢ ལོ་ནས་ད་བར་ཐེངས་དགུ་ཙམ་གནང་ཡོད་ཀྱང་བཟང་ཕྱོགས་ཀྱི་གྲུབ་འབྲས་གང་ཡང་སོན་མེད་སྐོར་དང་། དེ་བཞིན་སྲིད་བློན་མཆོག་རྒྱ་ནག་ཏུ་རྒྱལ་དོན་འཚམས་གཟིགས་ཐེངས་དང་པོ་དེའི་སྐབས་སུ་རྒྱ་ནག་གི་དཔོན་རིགས་ཚོར་གཙོ་བོ་གནད་དོན་གསུམ་ཐོག་གླེང་དགོས་པའི་སྐུལ་མ་གནང་ཡོད་པའི་གནད་དོན་གཙོ་བོ་གསུམ་ནི། ༡༽ ད་ལྟ་བོད་ནང་ཆབ་སྲིད་དང་ཆོས་དད་ལ་དམ་བསྒྲགས་བྱེད་བཞིན་ཡོད་པ་དེ་དང་། བོད་ཀྱི་ཁོར་ཡུག་ཉམས་ཆག་གཏོང་བཞིན་པའི་སྐོར། སྐད་ཡིག་དང་ལེགས་བྱང་ཐོག་ནས་བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་རྒྱུའི་གནད་དོན།
༢༽བོད་རྒྱ་ཕྱོགས་གཉིས་དབར་དོན་ཕན་སོན་པའི་གཉིས་སྨན་གྱི་གྲུབ་འབྲས་ཤིག་ཡོང་ཐབས་སུ་རྒྱ་ནག་གཞུང་གིས་བོད་མི་ཚོ་དང་གྲོས་མོལ་མུ་མཐུད་གནང་དགོས་པའི་སྐུལ་ལྕག་གནང་རྒྱུ།
༣༽ ནོར་འཛིན་དབང་མོ་ལགས་ད་ལྟ་གང་དུ་ཡོད་མེད་དང་། ཁོ་མོ་གང་མྱུར་གློད་བཀྲོལ་དགོས་པའི་འབོད་སྐུལ་གནང་དགོས་པ།
བཅས་སོགས་འཁོད་ཡོད།།
ཨོ་སི་ཊོ་ལི་ཡའི་སྲིད་བློན་མཆོག་རྒྱ་ནག་ཏུ་རྒྱལ་དོན་འཚམས་གཟིགས་སྐབས་བོད་ནང་གི་གནས་སྟངས་སྐོར་གླེང་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ་བ།
གསར་གནས།
འབྲེལ་གནས།