༢༠༡༡ ཟླ་ ༤ ཚེས་ ༡༩ རེས་གཟའ་མིག་དམར།
༄༅། །འདི་གར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་ ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༡༦ ཉིན་བཏང་བའི་གནས་ཚུལ་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༡༥ དང་ ༡༦ ཉིན་སོ་སོར་རྔ་པ་རྫོང་ཐོག་ལ་ཡོད་པའི་གཞུང་གི་ལས་བྱེད་ཐ་ན་སློབ་གྲྭའི་དགེ་རྒན་ཚུན་ཆད་དང། དེ་བཞིན་རྔ་པ་ཀིརྟིའི་དགོན་པའི་དགེ་འདུན་པ་བཅས་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བ་སྤེལ་བཞིན་པའི་ནང་མཉམ་ཞུགས་བྱེད་དགོས་ཀྱི་ཡོད་པ་མ་ཟད།
མཛོད་དགེ་རྫོང་གི་ལས་བྱེད་པ་མང་པོ་ཞིག་ཀྱང་རྒྱབ་དཔུང་ལྟ་བུར་དགོན་པའི་ནང་སླེབས་ཡོད་འདུག དགོན་པའི་འདུ་ཁང་མདུན་གྱི་རྡོ་བཅར་སྒང་ནས་ལས་བྱེད་རྣམས་རྐུབ་སྟེགས་ཐོག་ཁ་མར་འཁོར་ནས་བསྡད་དེ། དགེ་འདུན་པ་རྣམས་རྡོ་བཅར་འོག་ནས་ཁ་ཡར་འཁོར་ནས་བཞུགས་དགོས་ཀྱི་ཡོད་འདུག་ལ། ཚོགས་འདུའི་སྐབས་སྐད་ཆ་བཤད་མཁན་གཙོ་བོ་རྔ་པ་རང་སྐྱོང་ཁུལ་གྱི་འཐབ་ཕྱོགས་གཅིག་གྱུར་ཁང་གི་ཚེ་པོས་ཀྲང་ཞེས་པ་དེ་ཡིན་འདུག ཁོང་ཚོས་གཏམ་བཤད་སྐབས་བཤད་དོན། དགོན་པ་གཏོར་དང་མི་གཏོར། ཆོས་སྒོ་རྒྱག་དང་མི་རྒྱག་ང་ཚོ་ལ་སྐད་ཆ་གང་ཡང་མེད་པར་དེ་ནི་ཁྱེད་རང་ཚོས་རྣམ་འགྱུར་ལ་རག་ལས་པ་ཞིག་ཡིན་པས་ཁྱེད་རང་ཚོས་བདམས་ག་ཡིན་ཚུལ་བརྗོད་ནས་འཇིགས་སྐུལ་བྱས་ཡོད་ལ། ད་ཆ་དགོན་པ་ཆགས་དང་འཇིག་གི་མཚམས་སུ་སླེབས་པའི་གནས་སྟངས་ཤིག་གི་འོག་ཡོད་འདུག
ཡང་དགོན་པའི་དགེ་འདུན་པ་ཁག་གཅིག་གིས་ཕྱི་ཕྱོགས་ལ་གནས་ཚུལ་འགྲེལ་བརྗོད་བྱེད་ཀྱིན་ཡོད་པས་དེ་ཚོ་རང་དགར་མི་འཇོག་ཚུལ་ནན་བརྗོད་བྱས་ཡོད་པ་དང་། དེ་བཞིན་ཕྱི་ལོ་ ༢༠༠༨ ལོ་ནས་ད་བར་ཀིརྟི་དགོན་པའི་དགེ་འདུན་པ་ཚོས་ངོ་རྒོལ་ལས་འགུལ་རྒྱུན་མཐུད་བྱས་ཡོད་པས་རྔ་པའི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་བདེ་འཇགས་ཀྱི་གནས་སྟངས་ལ་གཏོར་བཤིག་ཚབས་ཆེན་བཏང་ཡོད་པ་དང། ད་དུང་ལས་འགུལ་རྒྱུན་མཐུད་འདོད་པའི་དམིགས་ཡུལ་གསལ་པོ་ཡིན་པ་སོགས་བརྗོད་དེ་རྒྱ་གཞུང་སྲིད་བྱུས་ཀྱིས་བཟོས་པའི་ནག་ཉེས་ཡོད་ཚད་དགོན་པའི་དགེ་འདུན་པ་རྣམས་ལ་གཡོག་གི་ཡོད་འདུག
དགོན་པའི་ནང་ལ་ཉེན་རྟོག་པ་དང་དམག་མི་མཉམ་འབྲེལ་བྱས་ནས་དམ་བསྒྲགས་དང་ལྟ་སྲུང་བྱེད་མུས་ཡིན་པ་དང་དགོང་མོའི་དུས་ཚོད་ཆུ་ཚོད་ ༨ རྗེས་མི་གཅིག་ཀྱང་རང་རང་གྲྭ་ཤག་གི་ཕྱི་ལ་ཐོན་མི་ཆོག་པ། དེ་རྗེས་གླིང་བར་ལ་ལྟ་སྲུང་བྱེད་མཁན་གྱི་དམག་མི་སོགས་ལ་ཐུག་ན་རྡུང་རྡེག་དྲག་པོ་གཏོང་གི་ཡོད་འདུག དགེ་འདུན་པ་བདུན་ཅན་གྱི་གྲྭ་ཤག་ཅིག་གི་ནང་ཞལ་ལག་རྩ་བ་ནས་མ་རག་པར་ཉིན་གསུམ་རིང་ལྟོགས་སྐོམ་མྱོང་དགོས་བྱུང་ཡོད་འདུག་ལ། དེ་རྗེས་འབྲེལ་ཡོད་ཚོས་ཤེས་རྟོགས་བྱུང་འཕྲལ་དགེ་འདུན་པ་ཚོས་ཞལ་ལག་ཅུང་ཙམ་རེ་བསྡུ་རུབ་བྱས་ཏེ་ཁོང་ཚོ་ལ་སྤྲད་ཡོད་འདུག
ཕྱི་ཚེས་ ༡༥ མཚན་མོ་དགོན་པའི་གླིང་བར་ལ་ལྟ་སྲུང་བྱས་ནས་ཡོད་པའི་དྲག་ཆས་དམག་མི་དང་ཉེན་རྟོག་མི་སྣ་སྐོར་ཞིག་གིས་རླངས་འཁོར་གྱིས་གྲྭ་དཔལ་ཁོ་ལགས་ཀྱི་གྲྭ་ཤག་གི་རྭ་བའི་ངོས་སུ་བརྒྱབ་ནས་རྭ་བ་གཏོར་ཡོད་འདུག ཕྱི་ཟླ་ ༣ ཚེས་ ༢༠ ཙམ་ནས་དགོན་པའི་ནང་དུ་ཡོད་པའི་དགོན་པའི་སྨན་ཁང་གི་སྒོ་གཏན་བརྒྱག་བྱས་ཏེ་དགེ་འདུན་པ་རྣམས་ལ་རྒྱུན་ལྡན་གྱི་སྨན་བཅོས་མཐུན་རྐྱེན་གཅིག་ཀྱང་མ་རག་པའི་དཀའ་ངལ་ཤུགས་ཆེ་ཡོང་གི་ཡོད་འདུག སྨན་ཁང་དེ་ནི་སྨན་པ་གྲྭ་ཚང་གིས་གཉེར་བཞིན་པའི་བོད་ལུགས་དང་ཕྱི་ལུགས་གཉིས་ཀྱི་སྨན་བཅོས་མཐུན་རྐྱེན་ཡོད་པ་ཞིག་ཡིན། རྒྱུན་དུ་གྲྭ་ཤག་ལ་འཛུལ་སྐབས་གང་ཡིན་འདི་ཡིན་མེད་པའི་མི་ཞིག་གི་མིང་ནས་བཟུང་སྟེ་མི་དེ་འདིར་ཡོད་མེད་འདྲི་བ་དང་མི་དེ་འདྲ་ཞིག་གཏན་ནས་མེད་ཚུལ་བརྗོད་པར་དྲང་བཤད་བྱས་མ་སོང་ཚུལ་བརྗོད་དེ་གཅར་རྡུང་གཏོང་བ་དང་། གྲྭ་ཤག་ལ་གང་བྱུང་གིས་སྔོག་བཤེར་བྱེད་ཀྱིན་ཡོད་པར་མ་ཟད། བཅའ་དངོས་མང་པོ་རྐུ་འཕྲོག་གི་གནས་ཚུལ་ཡང་ཡོང་གི་ཡོད་འདུག
ཕྱི་ཚེས་ ༡༢ ཉིན་མི་མང་དང་དམག་མི་བར་གདོང་ཐུག་བྱུང་སྐབས་མི་མང་གིས་གལ་སྲིད་དགེ་འདུན་པ་རྣམས་ཀྱིས་ཁྲིམས་དང་འགལ་བའི་ཉེས་པ་དངོས་ཡོད་བསགས་པ་ཡིན་ན་ང་ཚོས་གང་ཡང་བརྗོད་ཀྱི་མེད་ཀྱང་ད་ལྟ་ཉེས་པ་གང་ཡང་མེད་པའི་དགེ་འདུན་པ་རྣམས་བཙོན་ཁང་དུ་འཁྲིད་དགོས་པ་ཡིན་ན། ང་ཚོས་རང་སྲོག་འབེན་ལ་བཞག་ནས་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཚུལ་བརྗོད་སྐབས་དེར་ཡོད་ཉེན་རྟོག་མི་སྣ་སོགས་ཀྱིས་ཤི་ཐུབ་མཁན་ཚོས་འཛུབ་ཐེལ་རྒྱག་དགོས་ཚུལ་བཤད་པར་མི་སུམ་བརྒྱ་ལྷག་གིས་གྲྭ་པ་རྣམས་ཀྱི་ཆེད་དུ་ཤི་ཐུབ་པའི་འཛུབ་ཐེལ་བརྒྱབ་ཡོད་པ་དང་སྐབས་དེར་མི་མང་གིས་འཚང་ཁ་བརྒྱབ་པར་བརྟེན་མཚམས་བཞག་ཡོད འདུག སྐབས་དེར་ཉེན་རྟོག་པ་མང་པོ་ཞིག་གིས་མི་མང་རྣམས་ལ་པར་ཧ་ཅང་མང་པོ་བརྒྱབས་ཡོད་འདུག
ཕྱི་ཟླ་ ༣ ཚེས་ ༡༦ ནས་ད་བར་དགོན་པའི་དགེ་འདུན་པ་བརྒྱ་ལྷག་གར་སོང་ཆ་མེད་དུ་གྱུར་ཡོད་པ་དགོན་པའི་ཕྱི་ནང་མང་པོར་རྩད་གཅོད་བྱས་ཡོད་ཀྱང་ད་བར་ཤེས་རྟོགས་བྱུང་མེད་འདུག
ཕྱི་ཟླ་ ༣ ཚེས་ ༡༦ ཉིན་རྔ་པ་ཀིརྟི་དགོན་གྱི་གྲྭ་རྒྱལ་གཅེས་དཔའ་བོ་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་སྒྲོན་པའི་དོན་དག་བྱུང་མ་ཐག་སྐབས་དེར་མཚོ་སྔོན་ཟི་ལིང་དུ་ཡོད་པའི་རྩོམ་པ་པོ་སྒོ་ཤེས་རབ་ལགས་ཕྱིར་རྔ་པ་རུ་ཡོང་བའི་ལམ་དུ་ཞུགས་ཡོད་ཀྱང་དེ་ནས་བཟུང་ད་བར་གར་སོང་ཆ་མེད་ཀྱི་གནས་སུ་གྱུར་འདུག་ཅིང་། འབྲེལ་ཡོད་དགོན་གྲོང་ཚོས་ལམ་བར་ནས་རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག
ཕྱི་ཟླ་ ༤ ཚེས་ ༡༧ ཉིན་རྔ་པ་རྫོང་ཐོག་ལ་ཡོད་པའི་གཞུང་གི་ལས་བྱེད་ཐ་ན་སློབ་གྲྭའི་དགེ་རྒན་ཚུན་ཆད་རྔ་པ་ཀིརྟིའི་དགོན་པའི་དགེ་འདུན་པ་རྣམས་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བ་སྤེལ་བཞིན་པའི་ནང་མཉམ་ཞུགས་བྱས་ཡོད་པར་མ་ཟད། མཛོད་དགེ་རྫོང་གི་ལས་བྱེད་པ་མང་པོ་ཞིག་ཀྱང་རྒྱབ་དཔུང་ལྟ་བུར་ལས་འགུལ་དེའི་ནང་མཉམ་ཞུགས་བྱས་ཡོད་འདུག་ལ། གནས་ཚུལ་འགྲེལ་བརྗོད་པས་བརྗོད་དོན་དེ་རིང་དགོན་པའི་ནང་ལས་བྱེད་ ༨༠༠ ཡས་མས་སླེབས་ཡོད་ཚུལ་འགྲེལ་བརྗོད་གནང་བྱུང་།
དེ་རིང་སློབ་གསོ་སྤེལ་སྟངས་དེ་ཁ་སང་དང་མི་འདྲ་བ་ནི་དེ་རིང་ནས་མི་རེ་རེ་ཚོགས་དབུས་སུ་ཡར་ལངས་བཅུག་ནས་དྲི་བར་ལན་འདེབས་དང་། བསམ་ཚུལ་བཤད་དགོས་པ་ཡིན་འདུག་པས་དགེ་འདུན་པ་རྣམས་ཀྱིས་རྒྱ་གཞུང་གི་ལས་བྱེད་ཚོའི་འདོད་པ་དང་མཐུན་པའི་དྲིས་ལན་དང་བསམ་ཚུལ་མ་བཤད་པའི་རྐྱེན་གྱིས་ད་ལྟ་ཡང་ཁྱེད་ཚོའི་སློབ་གསོའི་རྣམ་འགྱུར་ཡག་ཏུ་སོང་མི་འདུག་པས། སློབ་གསོའི་དུས་ཡུན་རིང་དུ་འགྲོ་སྲིད་པའི་སྐོར་སོགས་བཤད་ཡོད་འདུག
དེ་མིན་དགོན་པའི་ཕྱི་ནང་གི་དམ་བསྒྲགས་བྱེད་སྟངས་ཚང་མ་སྔར་བཞིན་གནས་མུས་ཡིན་པ་དང་། དགོན་པའི་བྱང་ཕྱོགས་སུ་རྩིག་པ་རྒྱག་བཞིན་པ་ཚང་མ་བརྒྱབ་ཚར་འདུག་པས་ད་ནས་བཟུང་དགོན་པའི་ཕྱི་ནང་དུ་འགྲོ་འོང་བྱེད་ས་ཕྱོགས་གསུམ་གྱི་སྒོ་ཆེན་གསུམ་པོ་མ་གཏོགས་གཅིག་ཀྱང་མེད་པར་གྱུར་ཡོད་པས་དམ་བསྒྲགས་བྱེད་རྒྱུ་སྔར་ལས་སྟབས་བདེ་རུ་ཆགས་ཡོད་འདུག
དེ་སྔོན་ཕྱི་ཟླ་ ༣ ཚེས་ ༡༧ ཉིན་རྔ་པ་རང་སྐྱོང་ཁུལ་གྱི་མི་རིགས་མཐོ་འབྲིང་སློབ་གྲྭའི་སློབ་མ་རྣམས་ཀྱིས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་རྒྱུན་རིང་པོར་སྤེལ་ཡོད་པ་དང་། དེའི་རྗེས་སུ་ལས་འགུལ་དེའི་སྐོར་གནས་ཚུལ་གསལ་པོ་ཤེས་རྟོགས་མ་བྱུང་ནའང་། དེ་རིང་བོད་ནས་གནས་ཚུལ་ཐོན་པ་ལྟར་ན་སློབ་གྲྭའི་སློབ་མ་རྣམས་ད་དུང་སློབ་གྲྭའི་རྭ་བའི་ཕྱི་ལ་ཐོན་ཆོག་གི་མེད་པར་བཀག་སྡོམ་འོག་ཡོད་མུས་ཡིན་འདུག