༢༠༡༡ ཟླ་ ༤ ཚེས་ ༡༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༨ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཇོ་ཧ་ལ་ནེ་རུ་གཙུག་ལག་སློབ་གཉེར་ཁང་དུ་སློབ་སྦྱོང་བྱེད་བཞིན་པའི་བོད་རིགས་སློབ་ཕྲུག་ཚོས་གོ་སྒྲིག་ཐོག་(Tibet Festival)བོད་ཀྱི་དུས་སྟོན་ཞེས་པ་ཚོགས་ཡོད། དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢།༣༠ ཐོག་ཇོ་ཧ་ལ་ནེ་རུ་གཙུག་ལག་སློབ་གཉེར་ཁང་གི་སྤྱི་ཚོགས་ཚན་རིག་སྡེ་ཚན་གྱི་ཚོགས་ཁང་དུ་མཐོ་སློབ་དེའི་ཉེ་བའི་རི་བདག་(Prof. S.k. Sopory)མཆོག་གདན་ཞུས་ལྟར་ཆེད་ཕེབས་གནང་སྟེ། ཁོང་གིས་སྣང་གསལ་ཞལ་ཕྱེ་གནང་སྟེ་གཞས་སྣ་དང་བགྲོ་གླེང་དབུ་འབྱེད་གནང་ཡོད། དེ་ནས་སློབ་ཕྲུག་རྣམས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་གཞས་སྣ་ཁག་གཅིག་འཁྲབ་སྟོན་ཞུས་རྗེས་ཤར་ཨེ་ཤིའི་སློབ་དཔོན་(Prof. Srikanth Kondapalli)ཤཱི་རི་ཀན་ཌ་པ་ལི་ལགས་དང་དབུས་སྲིད་བྱུས་ཉམས་ཞིབ་པ་སློབ་དཔོན་(Prof. Bharat Karnad)བྷ་ར་ཊ་ཀར་ནཱ་ཌ་ལགས། བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་དྲིལ་བསྒྲགས་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་སོགས་ཀྱིས་རྒྱ་དཀར་ནག་གཉིས་དང་ས་འབྲེལ་ཡིན་པའི་བོད་ཅེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་ཞིང། ཤཱི་རི་ཀན་ཌ་པ་ལི་ལགས་ཀྱིས་རྒྱ་ནག་གི་ཆུ་བོའི་འབྱུང་ཁུངས་བོད་ཡིན་པ་མ་ཟད། རྒྱ་རིགས་འབོར་ཆེན་བོད་ནང་གནས་སྤོས་བྱས་པའི་གནས་སྟངས་དང་། བོད་ནང་གི་དཔལ་འབྱོར་གྱི་གནས་སྟངས་སོགས་ཀྱི་སྐོར་ལ་ཞིབ་ཕྲ་འགྲེལ་བརྗོད་གནང་ཡོད། དེ་བཞིན་བྷ་ར་ཊ་ཀར་ནཱ་ཌ་ལགས་ཀྱིས་ཀྱང་བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས་སྐོར་ལ་གཏམ་བཤད་གནང་ཡོད། དྲིལ་བསྒྲགས་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་བོད་ཀྱི་ཁོར་ཡུག་ཆ་ནས་རྒྱ་དཀར་ནག་གཉིས་ལ་འབྲེལ་བ་ཆགས་ཡོད་པ་མ་ཟད། བོད་ནས་བྱུང་བའི་ཆུ་བོ་དེ་དག་གིས་རྒྱལ་ཁབ་ཕྱོགས་གཉིས་ལ་ཁེ་ཕན་ཡོང་གི་ཡོད་པ་སོགས་ཀྱི་སྐོར་ལ་འགྲེལ་བརྗོད་གནང་ཡོད། དེ་བཞིན་ཤཱི་རི་ཀན་ཌ་པ་ལི་ལགས་ཀྱིས་རྒྱ་དཀར་ནག་གཉིས་ལ་བོད་དེ་ཆབ་སྲིད་ཀྱི་ལག་ཆ་ལྟ་བུར་གྱུར་ཡོད་རུང་། རྒྱ་གར་གྱིས་བོད་དེ་ལོ་རྒྱུས་ཐོག་ནས་རྒྱ་ནག་གི་ཆ་ཤས་ཡིན་པ་རྩ་བ་ནས་ཁས་ལེན་བྱས་མེད་ཅེས་འགྲེལ་བརྗོད་གནང་ཡོད། ཕྱོགས་མཚུངས་སློབ་ཕྲུག་ཚོའི་དྲི་བར་ཁོང་རྣམ་པས་ལན་འདེབས་ཀྱང་གནང་ཡོད།
ཐེངས་འདིའི་དུས་ཆེན་དེར་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆས་གོས་དང་རོལ་ཆ། སྐུ་ཐང། པར་རིགས་འདྲ་མིན་སོགས་འགྲེམས་སྟོན་གནང་ཡོད་པ་བཅས། །
རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཇོ་ཧར་ལ་ནེ་ཧེ་རུ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་བོད་ཀྱི་དུས་སྟོན་ཚོགས་པ།
གསར་གནས།
འབྲེལ་གནས།