༢༠༡༡ ཟླ་ ༤ ཚེས་ ༢༡ རེས་གཟའ་ཕུར་བུ།
ཁྲན་ཝུད་ཅན། བོ་ཤུན་པེ་ཅིང་དུས་ཚོད། ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༣ ཚེས་ ༣༡ ཉིན།
༄༅། །ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༣ ཚེས་ ༢༥ ཉིན་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བཙན་བྱོལ་བོད་ཀྱི་གྲོས་ཚོགས་ཀྱིས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་མཆོག་སྲིད་སྟེགས་ལས་དགོངས་ཞུ་གནང་བར་དང་ལེན་བྱེད་པའི་གྲོས་ཆོད་དཀའ་གནད་ཆེ་བ་གཅིག་བཞག་ཡོད། དེ་ལྟ་བུའི་གྲོས་ཆོད་འཇོག་པར་བོད་མི་ས་ཡ་དྲུག་གི་ངོ་ཚབ་མཚོན་པའི་གྲོས་ཚོགས་དེའི་སེམས་ཚོར་ནི་རྙོག་འཛིང་དང་སྡུག་བསྔལ་ཆེ་བ་ཞིག་རེད། དེར་མི་ལོ་བརྒྱ་ཕྲག་ཁ་ཤས་རྒྱུན་མཐུད་དེ་ཡོང་བའི་ལོ་རྒྱུས་དང་ཆོས་ཕྱོགས་ཀྱི་རྒྱུ་མཚན་ལྡན་ཡོད་ལ། འདས་པའི་མི་ལོ་དྲུག་ཅུའི་རིང་། ལྷག་པར་རྒྱ་ནག་གི་བོད་ས་བཙན་བཟུང་བྱས་ནས་ཏཱ་ལའི་བླ་མ་དང་བོད་ཀྱི་བཀའ་ཤག་སྲིད་གཞུང་བཙན་བྱོལ་དུ་གྱར་ཏེ་དུས་རབས་ཕྱེད་ཀ་འདས་པའི་རིང་ཏཱ་ལའི་བླ་མ་སྐུ་སྒེར་གྱི་ཡིད་དབང་འཕྲོག་ཤུགས་དང་། དབུ་ཁྲིད་ནུས་པར་བརྟེན་ནས་བོད་དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་བྱེད་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ། ཁོང་ཉིད་བོད་མི་ས་ཡ་དྲུག་གི་རེ་ལྟོས་བཅོལ་སའི་སྲོག་ཤིང་ལྟ་བུར་གྱུར་ཡོད། དེ་ལྟ་བུའི་ལོ་རྒྱུས་དང་། ཆོས་ལུགས། མཛའ་ཞེན་མཉམ་བསྲེས་ཀྱི་གནས་སྟངས་འོག་ཏཱ་ལའི་བླ་མ་སྲིད་སྟེགས་ལས་ཞལ་གྱེས་པ་དང་། ད་ནས་བཟུང་བོད་པ་ཚོའི་དབུ་ཁྲིད་གནང་རྒྱུ་མིན་པའི་ཐག་གཅོད་ལ་གྲོས་ཚོགས་ཀྱིས་དང་ལེན་ཞུ་དགོས་པའི་སྡུག་བསྔལ་དང་དཀའ་ཚེགས་ནི་བརྗོད་དཀའ་བ་རེད། འོན་ཀྱང་། ཕུགས་རྒྱང་རིང་པོའི་མ་འོངས་བོད་ཀྱི་མདུན་ལམ་ལ་བསམ་ཚེ་ཏཱ་ལའི་བླ་མའི་རེ་འདུན་དང་གྲོས་ཚོགས་ཀྱི་གྲོས་ཆོད་ནི་ཏན་ཏན་འགྲན་ཟླ་བྲལ་བ་ཞིག་རེད།
ཏཱ་ལའི་བླ་མས་གྲོས་ཚོགས་ལ་སྩལ་བའི་ཕྱག་བྲིས་ནང་༼རྒྱ་གར་ལ་བཙན་བྱོལ་དུ་འབྱོར་བའི་རྗེས་ཕྱི་ལོ་ ༡༩༦༡ ལོ་ནས་འགོ་བཙུགས་ཏེ་ངོས་ཀྱིས་མང་གཙོ་ཡོང་ཐབས་ལ་འབད་བརྩོན་བྱས་པ་ཡིན། མི་ལོ་སུམ་ཅུ་བཞི་བཅུའི་རིང་ངོས་ནས་ལྷག་བསམ་རྣམ་དག་གིས་གོམ་པ་རིམ་སྤོས་ངང་མང་གཙོ་སྐུལ་སྤེལ་བྱས་ཡོད། མ་ཟད་ང་རང་རང་མོས་ཀྱི་སྒོ་ནས་དགའ་ཞིང་སྤྲོ་ཞིང་། སྤོབས་པ་ལྡན་པའི་སྒོ་ནས་ཆབ་སྲིད་ཀྱི་དབང་ཆ་བརྒྱུད་སྤྲོད་བྱེད་རྒྱུ་བྱུང་ན་ཧ་ཅང་འཚམས་པོ་ཡོང་གི་རེད་༽ཅེས་བཤད་ཡོད་ཅེས་གསུངས་ཡོད་པ་དང་། ད་དུང་ཁོང་གིས་༼བོད་ཀྱི་ཆབ་སྲིད་འགན་འཁྲི་དེ་མང་གཙོའི་ལམ་ནས་འདེམས་ཐོན་བྱུང་བའི་སྲིད་སྐྱོང་བཀའ་བློན་ཁྲི་པས་འགན་འཁུར་རྒྱུ་རེད། གལ་སྲིད་ཏཱ་ལའི་བླ་མས་ཆབ་སྲིད་འགོ་ཁྲིད་ཀྱི་རྣམ་པར་མུ་མཐུད་བསྡད་པ་ཡིན་ན་མཇུག་མ་ལྷག་པ་ལྟ་བུ་རེད། དེར་ངེས་པར་དུ་འགྱུར་བ་གཏོང་དགོས། མ་ཟད་ད་ལྟ་འགྱུར་བ་གཏོང་བའི་དུས་ལ་བསླེབས་ཡོད་༽ཅེས་གསུངས་ཡོད། ཏཱ་ལའི་བླ་མ་ནི་བཙུན་པ་ཞིག་ཡིན་པ་དང་། ཤེས་པ་ཅན། ད་དུང་སྐྱེ་རབས་ནས་སྐྱེ་རབས་སུ་བོད་མི་རིགས་ཀྱི་ཆོས་རྗེ་དམ་པ་ཞིག་ཡིན་པའི་ཆ་ནས་ཁོང་གི་ཐག་གཅོད་ནི་མི་དམངས་དཀྱུས་མའི་བསམ་ཚོད་ལས་འདས་ཏེ་གཟིགས་རྒྱང་རིང་པོ་ཞིག་ཡིན་ངེས་རེད། ཁོང་གིས་ཐུགས་ཐག་འདི་འདྲ་ཞིག་བཅད་གནང་བ་དེ་ནི་མ་འོངས་པའི་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་འབྱོན་གྱི་ཆབ་སྲིད་དབང་ཆ་བོདརིགས་མང་ཚོགས་ལ་ཕྱིར་སྤྲོད་གནང་བ་ཞིག་ཡིན་པ་མ་ཟད། ཁོང་རང་ཉིད་ཀྱི་ཆབ་སྲིད་རེ་འདུན་ཆེན་པོ་ཞིག་བསྒྲུབས་པའང་རེད། ༼མང་གཙོའི་སྲིད་སྐྱོང་༽ནི་མང་གཙོ་དང་སྲིད་དབང་སྒེར་འཛིན་ལམ་ལུགས་གཉིས་ཀྱིས་མི་རིགས་དང་། རྒྱལ་ཁབ། མང་ཚོགས་ལ་བདེ་སྐྱིད་དང་སྡུག་བསྔལ་ཁག་སོ་སོར་འདྲེན་པ་ཁོང་གིས་དངོས་སུ་མིག་མཐོང་ལག་ཟིན་བྱུང་བའི་ཉམས་མྱོང་ལ་དཔྱད་བསྡུར་གནང་ནས་བྱུང་བའི་སྲ་བརྟན་གྱི་ངེས་ཤེས་ཤིག་རེད།
སྤྱིར་ཁོང་ཉིད་ལ་བོད་མི་ས་ཡ་དྲུག་གི་གུས་བཀུར་དང་དད་པ་འཐོབ་ཀྱི་ཡོད་ནའང་། བོད་མི་རིགས་ལ་མི་རབས་ནས་མི་རབས་བར་དོན་དང་མཐུན་པའི་བདེ་སྐྱིད་འཐོབ་པ་ཞིག་ཡོང་བར་མང་ཚོགས་ཀྱིས་སོ་སོའི་ལས་དོན་ཐག་གཅོད་བྱེད་འཇུག་དགོས་པ་ལས། ཁོང་ནས་བོད་མི་དམངས་ཀྱི་ལས་དོན་ཐག་གཅོད་གནང་མི་རུང་བ་ཁོང་གིས་གསལ་པོར་མཁྱེན་གྱི་ཡོད། ལོ་བཅུའི་རིང་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་མང་གཙོའི་ཆབ་སྲིད་ལམ་ལུགས་རྩ་བའི་ཆ་ནས་སྐྱེ་འཚར་འཐུས་ཚང་བྱུང་ཡོད་པ་དང་། བོད་པ་ཚོས་མང་གཙོའི་འགྲོ་ལུགས་ལྟར་འཚོ་སྡོད་བྱེད་སྟངས་ཀྱང་ཤེས་ཡོད། མ་ཟད་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་བོད་པའི་བཙན་བྱོལ་སྲིད་གཞུང་གིས་བཙན་བྱོལ་སྤྱི་ཚོགས་དང་བོད་མི་རིགས་ཀྱི་ལས་དོན་ལ་འགན་ཁུར་བ་དང་འཛིན་སྐྱོང་བྱེད་ཀྱི་ཡོད། དེར་བརྟེན་ཏཱ་ལའི་བླ་མའི་དགོངས་པར་ད་ནི་ཐུགས་བདེ་པོའི་སྒོ་ནས་ཆབ་སྲིད་ཀྱི་དབང་ཆ་བརྒྱུད་སྤྲོད་བྱེད་པའི་དུས་ལ་བསླེབས་འདུག་དགོངས་པ་རེད། ཕྱོགས་གཞན་ཞིག་ནས་ཏཱ་ལའི་བླ་མས་ཆབ་སྲིད་ཀྱི་གནས་སྟངས་ལ་དོན་དངོས་ཀྱི་དགོངས་བཞེས་གནང་བ་རེད། དེ་ཡང་ལོ་དེ་དག་ནང་བོད་ཀྱི་མི་རིགས་རང་སྐྱོང་འཐབ་རྩོད་ཆེད་རྒྱ་ནག་སྲིད་གཞུང་དང་འབྲེལ་གཏུགས་བྱས་པའི་སྐབས་རྒྱ་གཞུང་གིས་རྟག་ཏུ་རྒྱ་ནག་མི་དམངས་ལ་མགོ་སྐོར་བཏང་ནས། ཏཱ་ལའི་བླ་མའི་ཆབ་སྲིད་དམིགས་ཡུལ་ནི་བོད་དུ་ཞིང་བྲན་སྤྱི་ཚོགས་བསྐྱར་གསོ་བྱེད་ཆེད་རེད་ཅེས་ཟེར་གྱི་ཡོད་པ་རེད། རྒྱ་བོད་འབྲེལ་མོལ་སྐབས་རྒྱ་ཕྱོགས་ཀྱིས་བཙན་བྱོལ་བོད་གཞུང་གི་གནས་བབ་ལ་ཁས་ལེན་མ་བྱས་པར། ཏཱ་ལའི་བླ་མའི་སྐུ་ཚབ་མཉམ་དུ་མ་གཏོགས་འབྲེལ་མོལ་བྱེད་ཀྱི་མེད། མ་ཟད་རྒྱ་ཕྱོགས་ཀྱིས་རྟག་ཏུ་བོད་ཀྱི་གནད་དོན་ནི་ཏཱ་ལའི་བླ་མའི་གནད་དོན་རེད་ཟེར་གྱི་ཡོད། བོད་མི་ས་ཡ་དྲུག་གི་རང་སྐྱོང་གནད་དོན་དེ་ཏཱ་ལའི་བླ་མ་སྐུ་སྒེར་གྱི་གནད་དོན་ཡིན་པར་ཤོད་པ་ནི་གནད་དོན་གྱི་ངོ་བོ་མཉམ་བསྲེས་བྱས་ནས། བོད་ཀྱི་གནད་དོན་ཐག་གཅོད་ཡོང་བར་དཀའ་ཁག་ཇེ་ཆེར་བཏང་བ་ཞིག་རེད། ཏཱ་ལའི་བླ་མའི་ཆབ་སྲིད་ཀྱི་ཐག་གཅོད་འདིས་རྒྱ་ནག་གི་དྲིལ་བསྒྲགས་རང་དགར་ཕམ་ཉེས་བཏང་བ་རེད་ལ་༼རྒྱ་བོད་འབྲེལ་མོལ་༽སྐབས་རྒྱ་ནག་གིས་བཙན་བྱོལ་བོད་གཞུང་གི་གནས་བབ་ལ་དང་ལེན་མ་བྱེད་ཐབས་མེད་ཆགས་པ་རེད། མ་ཟད་ཏཱ་ལའི་བླ་མའི་གནས་བབ་ཐག་གཅོད་ཀྱི་དཀའ་གནད་དེ་ཡང་ལས་སླ་པོར་བསལ་བ་རེད། ཏཱ་ལའི་བླ་མས་ཁོང་ཉིད་ཀྱི་གཟིགས་ཕྱོགས་དང་། མཁྱེན་རྒྱ། གཞན་ཕན་བྱམས་སྙིང་རྗེའི་དགོངས་པ་བཅས་ལ་བརྟེན་ནས་རྒྱ་ནག་གིས་བོད་ཀྱི་གནད་དོན་ཐོག་ཞིབ་ཚགས་ངང་འཆར་བཀོད་བྱས་པའི་གཡོ་ཐབས་དང་ཐབས་ཇུས་རྣམས་དེ་མ་ཐག་ཐལ་བའི་རྡུལ་དུ་བརླགས་པ་རེད། (boxun.com)
ཏཱ་ལའི་བླ་མས་ཆབ་སྲིད་དབུ་ཁྲིད་ཀྱི་གོ་གནས་ལས་དགོངས་ཞུ་གནང་བའི་ཐག་གཅོད་དེར་དབང་ཆར་དམ་པོར་འཇུས་ནས་སྐབས་དང་མཚམས་སུ་དྲག་པོའི་དབང་ཤུགས་བེད་སྤྱོད་གཏོང་མཁན་གྱི་རྒྱ་ནག་འགོ་ཁྲིད་ཚོས་བསམ་ཤེས་ཐུབ་ཐབས་མེད། ཏཱ་ལའི་བླ་མས་ཆབ་སྲིད་ལས་དགོངས་ཞུའི་རེ་འདུན་བཏོན་པའི་ཚེ་རྒྱ་གཞུང་གིས་གང་བཤད་ལ་ཉན་མཁན་ཤེས་ཡོན་ཅན་འགས་ངར་མཆོང་རྒྱག་བཞིན་༼ཏཱ་ལའི་བླ་མ་ཆབ་སྲིད་ལས་དགོངས་ཞུ་བྱེད་པའི་རེ་འདུན་ནི་ཆབ་སྲིད་ཀྱི་ཟློས་གར་ཞིག་རེད་༽ཅེས་ཟེར་བ་དང་། ཕྱི་འབྲེལ་མགྲིན་ཚབ་པས་ཏཱ་ལའི་བླ་མས་དགོངས་ཞུ་གནང་བ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ལ་བསླུ་བྲིད་བྱེད་པའི་གཡོ་ཐབས་ཤིག་རེད་ཅེས་བཤད་ཡོད། ཏཱ་ལའི་བླ་མ་ཆབ་སྲིད་ཀྱི་དབང་ཆ་ལས་དགོངས་ཞུ་གནང་བའི་རེ་འདུན་ལ་གྲོས་ཚོགས་ཀྱིས་དངོས་སུ་ཆོག་མཆན་གནང་བའི་རྗེས། རྒྱ་ནག་གིས་ངོ་ཚ་ཁ་སྐྱེངས་བྱུང་བའི་རྣམ་འགྱུར་དེ་ཁྲོ་བའི་རྣམ་འགྱུར་དུ་བསྒྱུར་བ་རེད། ཏཱ་ལའི་བླ་མ་དགོངས་ཞུ་གནང་བ་དེས་རྒྱ་ནག་གིས་ཏཱ་ལའི་བླ་མའི་ཐོག་སྤེལ་བའི་བསྒྲགས་གཏམ་གྱི་རྫུན་རྐུབ་བརྟོལ་བ་མཚོན་གྱི་ཡོད་ལ། ཁོ་ཚོས་ངེས་པར་དུ་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་བཙན་བྱོལ་བོད་གཞུང་དང་ངོ་ཐུག་མ་བྱེད་ཐབས་མེད་བཟོས་པ་ཞིག་ཀྱང་རེད། ཁོ་ཚོ་དེ་བས་ཁོང་ཁྲོ་ཟ་དགོས་པ་ཞིག་ནི། ཏཱ་ལའི་བླ་མས་དབང་ཆ་བློས་གཏོང་བྱས་པ་དང་རང་བཞིན་གྱིས་དབང་ཆ་བོད་མི་དམངས་ལ་བརྒྱུད་སྤྲོད་བྱས་པ་ཡིན་གཤིས། དེས་རྒྱ་ནག་གི་སྲིད་དབང་སྒེར་འཛིན་གྱི་རྣམ་པ་སྔར་བས་དམར་རྗེན་དུ་ཕྱིར་མངོན་པ་བྱས་ཡོད་པ་རེད། དེས་འཛམ་གླིང་ཡོངས་དང་རྒྱ་ནག་མང་ཚོགས་ཡོངས་ཀྱི་མིག་མདུན་ན་ལྗོངས་རིས་འདི་འདྲ་གཅིག་མངོན་པར་བྱས་ཡོད་དེ། ཕྱོགས་གཅིག་ལ་རྒྱ་ནག་གིས་རྗེས་ལུས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་བདག་པོའི་ངོ་ཚབ་ཅེས་འབོད་པའི་ཏཱ་ལའི་བླ་མས་རྒྱུན་གནས་ཤུལ་བཞག་གི་ཆབ་སྲིད་དབང་ཆ་མང་ཚོགས་ལ་བརྒྱུད་སྤྲོད་གནང་ནས་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་གི་བོད་པ་ཚོར་ཁ་ཡོད་ལག་ཡོད་དུ་མང་གཙོའི་ཁེ་དབང་ལོངས་སྤྱོད་ཐུབ་པ་བཟོས་ཡོད་ཀྱང་། ཕྱོགས་གཞན་དེར་མང་གཙོའི་འབོད་སྒྲ་མཐོན་པོར་བསྒྲགས་ནས་སྲིད་དབང་ཐོབ་པ་དང་། མ་ཡིན་ཡིན་མདོག་གིས་མི་དམངས་ཀྱི་སྲིད་གཞུང་དུ་རློམས་པའི་རྒྱ་ནག་གཞུང་གིས་མི་ལོ་དྲུག་ཅུའི་རིང་དབང་སྒྱུར་བྱས་པའི་རྗེས་མི་དམངས་ལ་སྔར་བཞིན་འདེམས་དབང་མེད་པ་དང་། ཏང་གི་འགོ་ཁྲིད་རེ་གཉིས་ཀྱིས་གང་བཤད་ཐོག་སྲིད་ཚོགས་རྐྱང་པས་རྒྱལ་ཁབ་ཀྱི་སྲིད་དབང་སྒེར་འཛིན་བྱེད་བཞིན་ཡོད་པ་རེད། ཕྱོགས་དེ་གཉིས་ཕན་ཚུན་མཉམ་བསྡུར་བྱས་ཚེ་རྒྱ་ནག་གི་དབང་སྒྱུར་ནི་འཛམ་གླིང་མང་གཙོའི་འཕེལ་ཕྱོགས་དང་རྒྱབ་འགལ་ཡིན་པ་མ་ཟད། མི་རབས་གཅིག་ནས་གཅིག་ཏུ་རྒྱུད་འཛིན་བྱེད་པའི་ཆོས་སྲིད་ཟུང་དུ་འབྲེལ་བའི་མི་རིགས་གཅིག་གི་བཙན་བྱོལ་སྤྱི་ཚོགས་ཀྱི་ཆབ་སྲིད་ལས་རྦད་དེ་རྗེས་ལུས་རེད། ཏཱ་ལའི་བླ་མས་རང་མོས་ཐོག་ནས་ཆབ་སྲིད་ཀྱི་དབང་ཆ་བློས་གཏོང་གནང་བ་དེས་རྒྱ་གཞུང་གི་བསླུ་བྲིད་འོག་ཤོར་བའི་རྒྱ་ནག་མི་དམངས་ཁྲི་ཚོ་མང་པོར་ངོས་འཛིན་གསལ་པོ་ཞིག་འཐོབ་ངེས་རེད། མ་ཟད་ཁོ་ཚོ་ཇི་ཙམ་བླུན་རྨོངས་ཡིན་ནའང་༼ཐ་ན་ཏཱ་ལའི་བླ་མས་ཀྱང་མི་རབས་རྒྱུད་འཛིན་གྱི་ཆབ་སྲིད་དབང་ཆ་བློས་གཏོང་བྱས་པའི་སྐབས་གུང་ཁྲན་ཏང་གིས་མི་རབས་ནས་མི་རབས་སུ་སྲིད་དབང་དམ་པོར་འཇུ་དགོས་དོན་གང་ཡིན་ནམ་༽ཞེས་འདྲི་བ་གཅིག་གཏོང་ངེས་རེད།
ཏཱ་ལའི་བླ་མ་ནི་ནམ་ཡང་བོད་མི་རིགས་ཀྱི་བསམ་པའི་དབུ་ཁྲིད་དང་། སྤྲུལ་སྐུ། འཇིག་རྟེན་མི་ཡི་ཡུལ་དུ་བྱོན་པའི་སྤྱན་རས་གཟིགས་སྐུ་རློན་པ། འཛམ་གླིང་ཡོངས་ཀྱི་མགོན་དཔུང་སྤྱན་རས་གཟིགས་རེད། ཏཱ་ལའི་བླ་མ་ཁོ་ནས་མང་གཙོའི་ལམ་ནས་འགྲོ་བ་མི་ལ་ཕན་ཐོགས་ནུས་པ་དང་། ཁོང་ནི་མང་གཙོའི་མགོན་པོ་སྣང་བ་མཐའ་ཡས་རེད། (boxun.com) ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༤ ཚེས་ ༡༣ ཉིན་བྱམས་པ་བསྟན་འཛིན་གྱིས་བོད་བསྒྱུར་ཞུས།
ཏཱ་ལའི་བླ་མས་སྲིད་དབང་མི་དམངས་ལ་ཕྱིར་སྤྲོད་གནང་སྟེ་རླབས་ཆེན་གྱི་བྱས་རྗེས་བཞག་པ་དང་མི་རབས་མང་པོར་ཞི་བདེ་བསྐྲུན་པ།
གསར་གནས།
འབྲེལ་གནས།