༢༠༡༡ ཟླ་ ༤ ཚེས་ ༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལིར་རྒྱ་གར་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ཨར་ཝེན་ཀ་ཊ་ར་མན་ (R.Venkataraman) མཆོག་དམ་པ་དེ་ཉིད་སྐུ་འཁྲུངས་ནས་ལོ་བརྒྱ་འཁོར་བའི་དུས་དྲན་སྐབས་གསུམ་པའི་མཛད་སྒོར་ལྷན་ཞུགས་མཛད་དེ་ནི་རུ་དཔེ་མཛོད་ཁང་དུ་(Non Violence and Spiritual Values in a Secular India)རྒྱ་གར་གྱི་སྲོལ་རྒྱུན་རིག་གཞུང་འཚེ་བ་མེད་པ་དང་ཆོས་ལུགས་རིས་མེད་ཀྱི་ལེགས་བྱང་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་དོན། རང་ཉིད་ཀྱི་སེམས་གཏིང་ནས་མ་ཡིན་པར་ཀུན་སློང་དབང་གིས་མི་གཞན་ལ་མགོ་སྐོར་གཏོང་རྒྱུ་དང་སྤྲེལ་ལད་ཤོད་རྒྱུའི་ཆེད་གད་མོ་ཤོར་བ་ཡིན་ཡང་དོན་དངོས་ཐོག་འཚེ་བའི་བྱ་བ་ཞིག་ཆགས་ཀྱི་ཡོད། དེར་བརྟེན་འཚེ་བ་མེད་པ་ཞེས་པ་དེ་ཀུན་སློང་དང་འབྲེལ་བ་ཡོད་པ་ཞིག་རེད།
ངོས་ཀྱིས་རྒྱུན་དུ་འཚེ་བ་མེད་པ་ཞེས་བརྗོད་སྐབས་དཀའ་ངལ་ཆེ་ཆུང་ལ་ལྟོས་མེད་གཞན་ལ་སེམས་ཁུར་ཡོད་པའི་ཐོག་ནས་སོ་སོའི་ཁེ་ཕན་བློས་གཏོང་བྱས་ཏེ། གཞན་གྱི་ཁེ་ཕན་ཆེད་རང་ཉིད་ཀྱིས་ནུས་པ་གང་ཡོད་སྤུང་མཁན་ཞིག་ལ་དོན་དམ་གྱི་འཚེ་བ་མེད་པའི་བྱ་བ་ཞིག་བརྗོད་ཀྱི་ཡོད། ཅེེས་དང། ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་ཆོས་ལུགས་རིས་མེད་སྐོར་ལ་ཡི་རང་བསྔགས་བརྗོད་མཛད་པ་དང་སྦྲགས་འཛམ་གླིང་ནང་གི་མང་གཙོ་ཆེ་ཤོས་ལྡན་པའི་རྒྱལ་ཁབ་འདིའི་ནང་ཡང་དག་པའི་མང་གཙོའི་རང་དབང་ལོངས་སུ་སྤྱོད་ཐུབ་པའི་ཁྱད་ཆོས་གཅིག་ཆོས་ལུགས་རིས་མེད་ཀྱི་ལྟ་གྲུབ་དེ་ཡིན་སྐོར་བཀའ་སློབ་སྩལ་དོན། རྩ་བའི་ཆོས་ལུགས་ཕན་ཚུན་དབར་གྲུབ་མཐའི་ཁྱད་པར་ཆེན་པོ་ཡོད་ནའང་བྱམས་སྙིང་རྗེ་དང་། བརྩེ་བ། བཟོད་སྒོམ། སྤྱོད་ལམ་བཅས་ཀྱི་བརྡ་ལན་དེ་གཅིག་མཚུངས་ཡིན། ང་ཚོ་ཚང་མ་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་སོ་སོ་རང་ཉིད་དང་ཁྱིམ་ཚང་།
སྤྱི་ཚོགས་བཅས་ལ་བདེ་སྐྱིད་ལྡན་པ་ཞིག་ཡོང་ཐབས་སུ་དྲང་བདེན་དང་ཕྱི་གསལ་ནང་གསལ་བྱེད་རྒྱུ་དེ་ནི་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཡིན། དཔེར་ན། ཁྱེད་རང་གིས་ལས་ཀ་དྲང་པོ་དྲང་གཞག་བྱས་ན་རང་བཞིན་གྱིས་ཕྱི་གསལ་ནང་གསལ་ཡོང་རྒྱུ་དང་། དེ་ལ་བརྟེན་ནས་ཕན་ཚུན་ཡིད་ཆེས་བསླེབ་རྒྱུ་ཙམ་མ་ཟད། མང་ཚོགས་ཀྱི་མཐུན་འགྱུར་ཡང་ཐོབ་ཀྱི་རེད། དེེང་སྐབས་མཉམ་འབྲེལ་ཞེས་པ་དེ་རྒྱལ་ཁབ་ཕན་ཚུན་ཙམ་མིན་པར་གླིང་ཕྲན་ཕན་ཚུན་དབར་ལའང་མཉམ་འབྲེལ་དང་མཐུན་ལམ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེར་བརྟེན་དངོས་གནས་ཀྱི་མཉམ་འབྲེལ་ཞེས་པ་དེ་མཛའ་གྲོགས་ཀྱི་འདུ་ཤེས་དང་ཡིད་ཆེས་ཐོག་ནས་ཡོང་གི་ཡོད། ཡིད་ཆེས་དེ་ཡང་མཐའ་མ་སྙིང་རྗེར་ཐུག་ཡོད་སྟབས་སྙིང་རྗེ་ཞེས་པ་དེ་ནི་ཤིན་ཏུ་ནས་རྩ་ཆེན་ཞིག་ཆགས་ཡོད། ཅེས་སོགས་ཀྱི་ལམ་སྟོན་བཀའ་སློབ་སྩལ་ཡོད།
ཚེ་འདས་སྲིད་འཛིན་ཟུར་པ་ཨར་ཝེན་ཀ་ཊ་ར་མན་ (R.Venkataraman) མཆོག་གི་འཁྲུངས་སྐར་ཉིན་མོར་རྒྱ་གར་གྱི་གནད་ཡོད་དཔོན་རིགས་དང་ཕྱི་རྒྱལ་གཞུང་ཚབ་པ་ཁག་གཅིག་གི་སྐུ་ཚབ། དེ་བཞིན་མཁས་དབང་སོགས་ཁྱོན་གྲངས་ ༣༠༠ བརྒལ་བ་འདུ་འཛོམས་བྱུང་ཡོད་པ་བཅས། །