བྱང་ཨ་རིའི་འོས་ཤོག་གྲངས་བཤེར་ཟིན་ཏེ་དབུས་འོས་བསྡུ་ལས་ཁང་ལ་ཕུལ་བ།
༄༅། །འདི་གར་བོད་གཞུང་ཨ་རིའི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟུང་དྲུང་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༣ ཚེས་ ༢༠ ཉིན་ནི་བཙན་བྱོལ་བོད་མིའི་ལོ་རྒྱུས་ནང་གི་ཉིན་མོ་གལ་ཆེ་ཞིག་ཡིན་ཞིང་། དེ་ཉིན་བྱང་ཨ་རིར་གནས་སྡོད་བོད་མི་ཚོས། མང་གཙོའི་ཁེ་དབང་བཟང་པོ་ལོངས་སུ་སྤྱད་དེ་བོད་མི་མང་སྤྱི་འཐུས་སྐབས་ ༡༥ པ་དང་། བཀའ་བློན་ཁྲི་པ་སྐབས་ ༣ པའི་དངོས་གཞིའི་འོས་ཤོག་འཕེན་པ་དང་། འོས་འཕེན་མཁན་གྱིས་བརྒྱ་ཆ་ ༧༨ ཟིན་གྱི་འདུག་ཅེས་བྱང་ཨ་རིའི་ས་གནས་འོས་བསྡུའི་འགན་འཛིན་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་ཀྱིས་འོས་ཤོག་གྲངས་བཤེར་དང་འབྲེལ་བ་ཡོད་པའི་ས་གནས་འོས་བསྡུའི་ཚོགས་མི་ཚོར་འགྲེལ་བརྗོད་གནང་འདུག བྱང་ཨ་མི་རི་ཁའི་ནང་འོས་བསྡུ་ཡུལ་ས་གནས་ ༣༤ ཡོད་པ་དང་། དེབ་སྐྱེལ་བྱེད་མཁན་གྱི་བོད་མི་གྲངས་ ༧༢༦༡ བྱུང་ཡོད། འདི་ཚེས་ ༢༣ ཉིན་བྱང་ཨ་རིའི་ས་གནས་འོས་བསྡུ་ལས་ཁང་གི་ཚོགས་མི་རྣམས་ཚང་འཛོམས་ཐོག་སྔ་དྲོའི་ཆུ་ཚོད་ ༡༠།༣༠ ནས་ཕྱི་དྲོ་ཆུ་ཚོད་ ༡༠།༣༠ བར་འོས་ཤོག་གྲངས་བཤེར་གནང་ཡོད་ཅིང་། འོས་ཤོག་གྲངས་བཤེར་ཕྱོགས་བསྡོམས་བྱས་པའི་འབྲས་བུར་ཐེངས་འདིར་འོས་འཕེན་པར་ཡོང་མཁན་གྱི་བོད་མི་བརྒྱ་ཆ་ ༧༨ ཟིན་གྱི་ཡོད་པ་རེད། ས་གནས་འོས་བསྡུའི་ཚོགས་མི་ཚེ་རིང་བཟང་པོ་དང་། ཀརྨ་མཁས་གྲུབ། བཀྲ་ཤིས་དབང་འདུས། ཉི་མ་སྒྲོལ་དཀར། སྐལ་བཟང་ཚེ་རིང་། གདུགས་དཀར་འབུམ། བསྟན་འཛིན་བུ་ཁྲིད། ཟུར་དཔང་པད་མ་ཚུལ་ཁྲིམས། ངག་དབང་བཀྲིས། ཀུན་བཟང་ཆོས་སྒྲོན། ལས་བྱེད་ཀུན་དགའ་བཀྲིས། བསྟན་འཛིན་བདེ་སྐྱིད། ལྷག་པ་ཚེ་རིང་། བདེ་ཆེན་ཆོས་སྐྱིད་བཅས་ཚང་འཛོམས་ཐོག་ས་གནས་འོས་བསྡུའི་འགན་འཛིན་སྐུ་ཚབ་དོན་གཅོད་ཀྱིས་གཙོ་བོ་འགན་ཁུར་ཐོག་འོས་ཤོག་གྲངས་བཤེར་གནང་ཡོད་པ་མ་ཟད། ཕྱོགས་བསྡོམས་ཀྱི་འོས་གྲངས་རྣམས་དབུས་འོས་བསྡུ་ལས་ཁང་དུ་སྦྲག་ཁང་བརྒྱུད་ཕུལ་ཟིན་ཡོད། མཇུག་ཏུ་ས་གནས་འོས་བསྡུའི་འགན་འཛིན་གྱིས་ཚོགས་མི་རྣམས་རང་རང་སོ་སོའི་ལས་བྲེལ་ཆེ་ན་ཡང་། འོས་བསྡུའི་ལས་རིམ་འགོ་ཚུགས་པ་ནས་ད་བར་སྒྲིག་མཐུན་ངང་མཉམ་རུབ་དང་། གཞོགས་འདེགས་ཧུར་ཐག་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་བཅས།།