༢༠༡༡ ཟླ་ ༣ ཚེས་ ༡༩ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༦།༣༠ ཐོག་༸གོང་ས་མཆོག་བཞུགས་སྒར་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཡང་སྟེང་དུ་གསོ་སྦྱོང་ལ་ཆིབས་སྒྱུར་བསྐྱངས་གྲུབ་རྗེས་གཙུག་ལག་ཁང་གི་གསུང་ཆོས་རྭ་བར་༸ཞབས་སོར་འཁོད་དེ་ལོ་རྒྱུས་རང་བཞིན་ལྡན་པའི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དང་སྟབས་བསྟུན་མི་མང་ཚོར་ཆོས་འབྲེལ་དང་མགོན་པོ་གང་ཉིད་མཆོག་བགྲེས་ཡོལ་དུ་ཕེབས་བཞེས་སྐོར་བཀའ་སློབ་སྩལ་དོན། དེ་རིང་ང་ཚོ་བོད་གངས་ཅན་གྱི་ལྗོངས་དབུས་འགྱུར་ཆོས་ཀྱི་ཞིང་ས་དཔལ་གྱི་ཆོས་འཁོར་ལྷ་སར་སྨོན་ལམ་ཆེན་མོ་ཞེས་ཚུགས་ཏེ་ལོ་ངོ་ ༧༠༠ ཙམ་འགྲོ་བཞིན་ཡོད་པའི་དུས་ཆེན་འདིར་ང་ཚོས་རྟག་ཏུ་མཆོད་འབུལ་དང་དགེ་གསོག་སྒྲུབ་ཀྱི་ཡོད། ང་ཚོ་བཙན་བྱོལ་བ་ཆགས་རྗེས་ལོ་གཅིག་བྱུང་མེད་པ་མ་གཏོགས་གཞན་ང་ཚོས་སྟར་ཆགས་སུ་འཚོགས་བཞིན་ཡོད། ཅེས་དང་དེ་མིན་སངས་རྒྱས་པའི་ཆོས་ལ་སློབ་སྦྱོང་བྱས་ཏེ་ཕན་པའི་བསམ་དང་སེམས་བཟང་པོ། དེ་བཞིན་འཆམ་མཐུན་བྱེད་དགོས་པ་སོགས་ཀྱི་བཀའ་སློབ་ཕེབས་ཡོད།
ཡང་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ཁ་སྔོན་ནིའུ་ཛི་ལན་ཌི་དང་དེ་ནས་ཨོ་སི་ཊོ་ལི་ཡར་ཆུ་ལོག་ཆེན་པོ་བྱུང་བ་དེ་ཆུ་མང་དྲགས་པའི་སྡུག་བསྔལ་ཆེན་པོ་བྱུང་བ་དང། རུ་སུའི་ས་ཁུལ་མང་པོ་ཞིག་ལ་ཆུ་ཉུང་དྲགས་པ་དང་རྒྱ་ནག་གི་ས་ཁུལ་མང་པོ་ཞིག་ལ་ཆར་པ་མ་བཏང་བའི་རྐྱེན་གྱིས་ཞིང་ཁ་བསྐམ་འགྲོ་བ་སོགས་འབྱུང་བའི་གནོད་པ་ཆེན་པོ་བྱུང་ཡོད། ཉེ་ཆར་ཉི་ཧོང་ལ་ས་འགུལ་ཆེན་པོ་བརྒྱབ་སྟེ་མཚོ་རླབས་བློ་ཡུལ་ལས་འདས་པ་བྱུང་བའི་རྗེས་མཚོ་རླབས་ཀྱིས་སྐྱོན་བཏང་སྟེ་རྡུལ་ཕྲན་གྱི་རྟེན་གཞི་ཁ་ཤས་ཉེན་ཁའི་སྟེང་སླེབས་པ་ལྟ་བུ་དེ་དག་ལ་དེ་རིང་དུས་ཚོད་ཁྱད་པར་ཅན་ཡིན་རྐྱེན་སྨོན་ལམ་རྒྱག་དགོས། དེ་བཞིན་བོད་གངས་ཅན་ལྗོངས་ལ་ཡིན་ནའང་སྤྱིར་འདས་པའི་ལོ་དྲུག་ཅུའི་རིང་དཀའ་སྡུག་མང་པོ་ཞིག་འཕྲད་ནས་དུས་མིན་འཆི་རྐྱེན་མང་པོ་བྱུང་ཡོད་ལ་ཉེ་ཆར་ཨ་མདོ་རྔ་པའི་དགེ་འདུན་པ་ཞིག་གིས་སོ་སོའི་ལུས་པོ་མེར་སྲེག་བཏང་བའི་གནས་ཚུལ་བྱུང་ཡོད། དེ་རིང་དུས་ཚོད་ཁྱད་པར་ཅན་ཞིག་འཁེལ་ཡོད་པ་བརྟེན་ང་ཚོ་ཚང་མས་སྨོན་ལམ་ཡག་པོ་རྒྱག་དགོས་ཞེས་བརྗོད་འདོད་བྱུང། ཡང་ད་རེས་ང་ཚོ་བོད་པ་དང་འབྲེལ་བའི་གནས་ཚུལ་ཞིག་བརྗོད་འདོད་བྱུང་། ང་ཚོ་བཙན་བྱོལ་བ་ཆགས་ནས་ལོ་ལྔ་བཅུ་ང་གཉིས་ཙམ་འགྲོ་གི་ཡོད། ལྷག་པར་ལོ་ཡུན་དེའི་རིང་བོད་ནང་ལ་ཡར་རྒྱས་ཕྲན་བུ་ཕྱིན་ཡོད་ཀྱང། པཎ་ཆེན་རིན་པོ་ཆེ་སྐུ་གོང་མས་གསུང་པ་ལྟར་རེད། འཛུགས་སྐྲུན་གང་ཙམ་བྱས་ཡོད་ཀྱང་། གནོད་འཚབ་དང་སྡུག་བསྔལ་བྱུང་བ་དེ་འཛུགས་སྐྲུན་བྱས་པ་དེས་བསྡུར་ཐབས་མེད་ཅེས་ཁོང་འདས་ཁར་གསུངས་ཡོད་པ་དེ་བདེན་པ་རེད། བོད་ལ་འཛུགས་སྐྲུན་བྱས་ཡོད་ཀྱང་བོད་མི་སྤྱི་བོ་གནམ་བསྟན་ཡོངས་རྫོགས་དངངས་སྐྲག་དོགས་ཟོན་འོག་སྡོད་དགོས་རྒྱུ་ཞིག་ཆགས་ཡོད་ཅེས་སོགས་ཀྱི་བཀའ་སློབ་ཕེབས་ཡོད།
ཡང་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། བོད་ཀྱི་ཆབ་སྲིད་ཀྱི་འགྲོ་སྟངས་དེ་ངོས་རང་ཆུང་ཆུང་སྐབས་བོད་ལ་ཡོད་དུས་ནས་རྒྱལ་ཚབ་ཀྱིས་དབང་ཆ་བཟུང་ཡོད་སྐབས་ནས། དྲང་པོ་མེད་པའི་གནས་ཚུལ་མང་པོ་ཞིག་གོ་མྱོང་ལ་ངོས་རང་གིས་དངོས་སུ་གཅིག་མཐོང་མྱོང་། དེ་དུས་རྒྱལ་ཚབ་སྟག་སྒྲ་རིན་པོ་ཆེ་རེད། ཁོང་བཞུགས་པའི་སྐབས་གཟིམ་ཤག་ཕ་ལྷའི་མི་སེར་སྤོ་ལགས་ཤིག་ཡོད་པ་དེས་ཕ་ལྷར་ཁ་མཆུ་བཙུགས་ཏེ། ཁ་མཆུ་དེ་རྗེས་སུ་ཤོད་འགག་ལ་བསླེབས། ཤོད་འགག་ལ་ཁ་མཆུ་བཙུགས་ཏེ་སྤོ་ལགས་དེས་ཕ་ལྷ་གཟིམ་ཤག་ལ་ཁ་མཆུ་བཙུགས་པ་དང་དེའི་རྒྱུ་རྐྱེན་ཤོད་པར་ཞུ་བ་ལེན་ནས་བྱེད་ཀྱི་འདུག རྩེ་ཤོད་འགག་གི་ཐོག་ཁ་དེ་ཤར་བརྒྱུད་གཟིམ་ཆུང་འཁེལ་ཡོད། དེ་ལ་གནམ་ཡངས་ཆུང་ཆུང་་ཤེལ་སྒོ་དང་ལྕགས་དྲ་ཡོད་པ་ཞིག་ཡོད། དེ་དུས་གད་པ་ཚོས་དེའི་གསེང་ནས་ཨ་ཅོག་ཉན་ཏེ་བལྟས་སྡོད་ཀྱི་འདུག ངོས་དང་གད་པ་ཚོ་ཇ་དང་ཁ་ལག་དེ་བཞིན་རྩེད་མོ་མཉམ་དུ་རྩེ་བ་སོགས་བྱས་ཏེ་ང་ཚོ་ཧ་ཅང་འཆམ་པོ་ཡོད། ཉིན་གཅིག་གད་པ་ཞིག་གིས་ངོས་རང་ཁོ་པའི་སར་ཤོག་བརྗོད་བྱུང་བ་ལྟར་ངོས་ཀྱི་གོམ་སྒྲ་ཆུང་ངུ་སྤོས་ནས་ཕྱིན་ཏེ། ཐོག་ཁའི་གནམ་ཡངས་དེའི་སྒང་ནས་མར་བལྟས་ཏེ་ཨ་ཅོག་ཉན་པ་ཡིན། སྐབས་དེ་དུས་ཤོད་འགག་གི་སྣེ་མགྲོན་གྱིས་དངོས་གནས་བྱས་ནས་ཁ་མཆུ་ཐུག་སྟེ་ཞུ་བ་ལེན་གྱི་ཡོད་སྟབས། ཞུ་བ་འབུལ་མཁན་གྱི་བདེ་སྡུག་ཚང་མ་ཉན་དགོས་པ་རེད། འོན་ཀྱང་ཉན་གྱི་མི་འདུག སྤོ་ལགས་ཀྱིས་ཡར་བདེ་སྡུག་ཤོད་སྐབས་མར་གཤེ་གཤེ་བཏང་སྟེ་སྤོ་ལགས་སུ་བསྙད་འདོགས་བྱས་ཏེ་མ་འགྲིག་མ་འཐུས་པ་དེ་འདྲ་བཤད་སོང། དེ་ངོས་རང་གིས་མཐོང་བྱུང་། ཨ་རྩིཁྲིམས་ཞེས་དྲང་པོ་དྲང་གཞག་མེད་ན། གང་ཡང་མི་འདུག་སྙམ་བྱུང་། དེར་བརྟེན་དེ་དུས་ནས་བོད་ཀྱི་སྲིད་དབང་འཛིན་སྟངས་དེ་ཡག་པོ་མི་འདུག་བསམས་བྱུང། དེ་རྗེས་རྒྱ་མི་བོད་དུ་བསླེབས་པའི་རྗེས་ལེགས་བཅོས་སྤྱི་ཚོགས་བཙུགས་ཏེ་བསྒྱུར་བཅོས་གཏོང་རྒྱུའི་འབད་བརྩོན་བྱས་པ་ཡིན། དེ་ནས་གྱོད་ཞིབ་ཁང་ཞེས་པ་ཞིག་བཙུགས་པ་རེད། ནམ་རྒྱུན་སེར་མོ་ཚོས་གྱོད་དང་ཁ་མཆུ་བྱུང་ན། ཡིག་ཚང་ལ་གཏུགས་ཀྱི་ཡོད། ཡིག་ཚང་སེར་མོ་བའི་སྤྱི་སྡོམ་ལྟ་བུ་རེད། སྐྱ་བོ་བྱུང་ན་ཕ་ཆེར་རྩིས་ཁང་དང་བཀའ་ཤག་ལ་གཏུགས་དགོས་ཀྱི་ཡོད། དེ་ནི་ཕྱོགས་ལྷུང་ཐོག་འགྲོ་གི་ཡོད་པས་ཡག་པོ་ཞིག་ཡོང་གི་མེད་པ་ཡིན་དུས་གྱོད་ཞིབ་ཁང་ཞེས་པ་ཞིག་ཟུར་དུ་བཙུགས་ཏེ། དེའི་འགོ་ཁྲིད་གཡུ་ཐོག་གསང་བ་ཆེན་པོ་བཀོད་པ་ཡིན། དེ་དུས་གཡུ་ཐོག་དྲང་པོའི་ཚད་འཛིན་ས་ལྟ་བུ་ཡིན། གཡུ་ཐོག་གིས་ཉིན་ཞིག་འདི་བྱས་པ་རེད་ཟེར། གཡུ་ཐོག་གྱོད་ཞིབ་ཚུགས་པའི་སྐབས་དེར་ཁ་མཆུ་ཐུག་པའི་མི་ཞིག་གིས་གཡུ་ཐོག་གི་གཟིམ་ཤག་ལ་བཅར་ནས་ལྐོག་རྔན་སྤྲད་འདུག གཡུ་ཐོག་གྱོང་པོ་ཡིན་སྟབས་གཟིམ་ཤག་ལ་རྔན་པ་འཁྱེར་ཡོང་སྐབས་རྔན་པ་དེ་བླངས། དེ་ནས་ལས་ཁུངས་སུ་ལྷན་རྒྱས་ཚུགས་སྐབས་ཁོང་ལ་ལྐོག་ཏུ་རྔན་པ་སྤྲོད་མཁན་གྱི་མི་དེ་ཤོག་ཅེས་དེར་སྐད་བཏང་སྟེ། གྱོད་ཞིབ་ལས་ཁུངས་ཚོགས་པའི་དཀྱིལ་དུ་ཁོང་གིས་ཁྱེད་རང་གིས་ས་ཁང་རྔན་པ་འདི་འཁྱེར་ནས་ངའི་སར་ཡོང་བ་ཡིན་པ། རྔན་པ་བཟས་ཏེ་ཁ་མཆུ་ཐག་གཅོད་བྱེད་རྒྱུ་དེ་རྩ་བ་ནས་ཡོང་གི་མ་རེད། དངོས་ཡོད་གནས་ཚུལ་དང་དྲང་པོ་དྲང་གཞག་ཐོག་ནས་སུས་ནོར་འདུག སུ་ལ་བདེན་པ་འདུག དེར་བསམ་བློ་བཏང་སྟེ་ཐག་གཅོད་བྱེད་རྒྱུ་རེད་མ་གཏོགས་རྔན་པ་འཁྱེར་ནས་ཐག་གཅོད་བྱེད་རྒྱུ་ཡོང་གི་མ་རེད། ཁྱེད་རང་གི་རྔན་པ་འདི་མར་འཁྱེར་ཞེས་ཕྱིར་སློག་བྱས་འདུག དེ་དུས་གཡུ་ཐོག་གིས་དེ་འདྲ་བྱས་སོང་ཞེས་གྲགས་པ་ཆེན་པོ་བྱུང་སོང། ཡིག་ཚང་དང་བཀའ་ཤག་ནས་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་གྱོད་ཞིབ་ཁང་ཟུར་དུ་འཛུགས་རྒྱུ་བྱས་པ་ཡིན། དེ་དག་སྔར་མེད་གསར་གཏོད་རེད། ལེགས་བཅོས་སྤྱི་ཚོགས་འཛུགས་རྒྱུ་དེ་ཡང་སྔར་མེད་གསར་གཏོད་རེད། དེ་རྗེས་རྒྱ་གར་དུ་བསླེབས་ནས་ཕྱི་ལོ་ ༡༩༦༠ ལོ་ནས་བཟུང་ང་ཚོས་མང་གཙོའི་ལས་འགུལ་འགོ་འཛུགས་བྱས་པ་རེད། ལོ་བཞི་བཅུ་འམ་སུམ་ཅུ་ལྷག་ཙམ་རིང་ལ་བསམ་པ་རྣམ་དག་བྱས་ནས་ལས་འགུལ་དེ་དག་གོམ་པ་རིམ་བགྲོད་ཐོག་ནས་བཙུགས་པ་རེད། ང་ཚོ་བོད་སྤྱི་ཡོངས་ཀྱི་ཁ་རྒྱུན་ལ་༸རྒྱལ་བ་རིན་པོ་ཆེས་མང་གཙོ་་གསོལ་རས་གནང་བྱུང་ཞེས་རྡོག་རྡོག་མར་སྤྲོད་རྒྱུ་ཡོད་པ་ལྟ༌བུ་དེ་འདྲ་ཤོད་ཀྱི་འདུག གང་ལྟར་དུས་ད་ལྟ་བར་དུ་དེ་འདྲ་བྱས་ནས་ཕྱིན་པ་རེད། ལོ་བཅུའི་གོང་ལ་བཀའ་བློན་ཁྲི་པ་འོས་འདེམས་བྱས་ནས་བསྐོས་པ་མ་གཏོགས་ངོས་ཀྱིས་མིང་བཏོན་ནས་བསྐོས་ན་འགྲིག་གི་མི་འདུག་ཅེས་བརྗོད་ནས་ཕྱིན་པ་རེད། བཀའ་ཁྲི་མི་མང་གིས་འོས་འདེམས་ཐོག་ནས་བསྐོས་ཏེ། ད་ཆ་ལོ་བཅུ་ཕྱིན་པ་རེད། དོན་གྱི་ཆ་ནས་བཀའ་བློན་ཁྲི་པ་འོས་བསྡུ་བྱས་ནས་བསྐོས་པའི་ཉིན་མོ་དེ་ནས་༸རྒྱལ་བ་རིན་པོ་ཆེས་དགའ་ལྡན་ཕོ་བྲང་གི་བླ་བྲང་ཐོག་ནས་བོད་ཀྱི་ལུགས་གཉིས་ཀྱི་དབང་ཆ་ཆ་ཚང་འཛིན་རྒྱུ་དེ་དུས་ནས་གྱུར་བ་ཕྱིན་ཟིན་པ་རེད། དེར་བརྟེན་ངོས་རང་ཕྱེད་རྒན་ཡོལ་ཡིན་ཞེས་ཤོད་ཀྱི་ཡོད། དེ་ནས་ལོ་བཅུ་ཕྱིན་པ་རེད། ད་ཆ་དངོས་གནས་མང་གཙོ་མཚན་ཉིད་ཚང་བ་དང་མང་གཙོའི་ངོ་བོ་ཡོངས་སུ་རྫོགས་པ་ཞིག་སྔ་ཕྱི་མ་གཏོགས་བྱེད་དགོས་པ་རེད། རྒྱལ་པོ་དང་བླ་ཆེན་གྱིས་དབང་ཆ་བཟུང་རྒྱུ་ཟེར་རྒྱུ་དེ་དུས་ཚོད་རྙིང་པའི་སྐད་ཆ་རེད། འཛམ་གླིང་འདིའི་སྟེང་འཛམ་གླིང་སྤྱིའི་འགྲོ་ལམ་དེར་ང་ཚོ་འགྲོ་དགོས། འཛམ་གླིང་སྤྱིའི་འགྲོ་ས་དེ་དངོས་གནས་མང་གཙོའི་ཐོག་ནས་འོས་བསྡུ་བྱས་ཏེ་འགྲོ་རྒྱུ་དེ་ཡག་ཤོས་རེད། དཔེར་ན། རྒྱ་གར་ལ་ཆ་བཞག་ན་མི་འབོར་ཧ་ཅང་ཆེན་པོ་དང་རྙོག་གྲ་ཧ་ཅང་ཆེན་པོ་ཡོད་པ། རིག་གཞུང། སྐད་ཡིག་རྒྱ་གར་ཤར་ནུབ་ལྷོ་བྱང་བཅས་ལ་མི་འདྲ་བ་ཡོད། འོན་ཀྱང་མང་གཙོ་ཡིན་པ་དང། ཁྲིམས་ཀྱི་དབང་སྒྱུར་ཡོད་པ། གཏམ་བརྗོད་རང་དབང་དང་གསར་འགྱུར་རང་དབང་ཡོད་པ་དེ་འདྲའི་ཐོག་ནས་རྒྱ་གར་བརྟན་པོ་ཞེ་དྲག་སྡོད་ཐུབ་ཀྱི་ཡོད། ཕར་ཕྱོགས་དེར་རྒྱ་ནག་གཅིག་སྡུད་བྱས་ཏེ་བསྡད་ཡོད་སྟབས་ག་དུས་ཡིན་ནའང་དཀའ་ངལ་འཕྲད་ཀྱི་ཡོད། ཉེ་ཆར་རྒྱ་ནག་གཞུང་གི་ཡིག་ཆའི་ནང་རྒྱལ་སྲུང་གི་འགྲོ་སོང་ལས་ནང་ཁུངས་ཀྱི་བདེ་འཇགས་ཐོག་འགྲོ་སོང་གཏོང་རྒྱུ་མང་བ་ཆགས་འདུག དངོས་གནས་བྱས་ན་ངོ་ཚ་བོ་རེད། ཕྱིའི་དགྲ་ལས་ནང་གི་དགྲ་མང་བ་ཡོད་པ་ལྟ་བུ་ཆགས་ཡོད་སྟབས་ངོ་ཚ་དགོས་པ་ཞིག་ཡིན། མི་མང་སྲིད་གཞུང་ཞེས་མི་མང་ལ་ཞབས་འདེགས་ཞུ་མཁན་ཡིན་པའི་སྐད་ཆ་རེད། གུང་ཁྲན་ཏང་ལ་ཆ་བཞག་ན་མི་མང་ལ་ཞབས་འདེགས་ཞུ་མཁན་ཡིན་པའི་སྐད་ཆ་རེད། མི་མང་གི་འདོད་པ་ཚིམ་གྱི་ཡོད་མེད་དེ་མང་གཙོའི་འོས་བསྡུ་བྱས་ནས་ཡོང་དགོས་ཀྱི་ཡོད། མང་གཙོའི་འོས་བསྡུ་བྱས་ཏེ་ཐོབ་ན་གཟི་བརྗིད་རེད། འོས་བསྡུ་མེད་པར་དྲག་པོའི་མཚོན་ཆའི་ཐོག་ནས་དབང་ཆ་བཟུང་རྒྱུའི་དུས་ཚོད་དེ་ཡོལ་ཟིན་པར་བརྟེན། མི་གཅིག་གིས་ཆ་དབང་བཟུང་རྒྱུ་ཟེར་བ་དེ་ཁྱོ་ནས་ཡག་པོ་མིན་པས། ངོས་ཀྱིས་འདིར་མཐར་ཐུག་༸རྒྱལ་བ་རིན་པོ་ཆེས་དབང་ཆ་བཟུང་བ་ལྟ་བུ་བྱས་ན་རྩ་བ་ནས་ཡག་པོ་མ་རེད། ༸རྒྱལ་དབང་གི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༸རྒྱལ་དབང་སྐུ་ཕྲེང་དང་པོ་ནས་བཞི་པ་བར་ཆགས་མེད། ༸རྒྱལ་དབང་སྐུ་ཕྲེང་ལྔ་པའི་སྐབས་ནས་རྐྱེན་མང་པོ་ཞིག་གི་འོག་སོག་པོ་གོ་ཤྲཱི་ཁང་གིས་རོགས་བྱས་ཏེ་བྱུང་བ་རེད། ཕན་ཐོགས་ཀྱང་བྱུང་ཡོད། ད་ཆ་དུས་རབས་ ༢༡ པའི་ནང་བསླེབས་ཡོད། བསྒྱུར་བ་གཏོང་རྒྱུ་དེ་ནི་སྔ་ཕྱི་མ་གཏོགས་འགྱུར་བ་འགྲོ་གི་རེད། བསྒྱུར་བ་མི་གཞན་ཞིག་གིས་གནོན་ཤུགས་སྤྲད་དེ་གཏོང་དགོས་བྱུང་ན་སྐུ་ཕྲེང་གོང་མ་ཚོའི་མཚན་ཤས་རེད་དྲན་གྱི་འདུག སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་སྐབས་ནས་༸རྒྱལ་དབང་གིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་གནང་རྒྱུ་ཆགས་པ་རེད། ངོས་རང་༸རྒྱལ་དབང་གི་སྐྱེ་ཕྲེང་བཅུ་བཞི་པ་དེ་ཆགས་ཡོད། དེར་བརྟེན་༸རྒྱལ་དབང་སྐུ་ཕྲེང་གཅིག་གིས་དང་དུ་བླངས་ཏེ། དགའ་ཞིང་སྤྲོ་ཞིང་སྤོབས་པའི་ཐོག་ནས་༸རྒྱལ་དབང་གི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཅེས་པ་དེ་ཕྱིར་བསྡུ་བྱས་ན་ཤིན་ཏུ་འོས་པ་རེད། མི་སུ་ཞིག་གིས་བྱེད་ཐུབ་རྒྱུ་མེད། དེ་ངོས་ཀྱིས་ཐག་གཅོད་ཐུབ་ཀྱི་ཡོད་པས་ངོས་ནས་ཐག་བཅད་པ་ཡིན། བོད་ཀྱི་ཆབ་སྲིད་ཀྱི་ལས་འགན་དེ་མང་གཙོའི་ཐོག་ནས་འོས་བསྡུ་བྱས་པའི་འགོ་ཁྲིད་ཀྱིས་དབང་ཆ་གཙང་མ་འཁྱེར་ནས་འགྲོ་རྒྱུ་མ་གཏོགས། ངོས་ཀྱིས་འདིར་ཡིག་ཆའི་ནང་༸རྒྱལ་བ་རིན་པོ་ཆེས་མུ་མཐུད་ཆབ་སྲིད་ཀྱི་འགོ་ཁྲིད་ཡིན་པའི་རྣམ་པ་དེ་བསྡད་ན་མཇུག་མ་ཞིག་ལྷག་པ་ལྟ་བུ་ཆགས་ཀྱི་འདུག དེ་ངེས་པར་དུ་བསྒྱུར་བཅོས་གཏོང་དགོས་ཀྱི་འདུག བསྒྱུར་བཅོས་གཏོང་རྒྱུའི་དུས་དེ་ད་ལྟ་སླེབས་པ་ལྟ་བུ་འདུག ཡང་ངོས་ཀྱིས་འབོར་ཤོབ་ཕྲན་བུ་བཤད་ན་ད་ལྟ་བར་༸རྒྱལ་བ་རིན་པོ་ཆེས་བྱས་རྗེས་གང་ཙམ་བཞག་ཡོད། གཙོ་ཆེ་ཤོས་གཞིས་ལུས་རྒྱ་ཆེའི་མི་མང་གིས་ངོས་ལ་ཡིད་ཆེས་བྱེད་ཀྱི་ཡོད། ང་ཚོ་བཙན་བྱོལ་བོད་པ་ཚོས་ཀྱང་ཡིད་ཆེས་བྱེད་ཀྱི་ཡོད། འཛམ་གླིང་འདིའི་སྟེང་ཡིན་ནའང་ཏཱ་ལའི་བླ་མ་ཞེས་བརྗོད་དུས་ཡིད་ཆེས་དང་ཆ་འཇོག་བྱེད་ས་ལྟ་བུ་དགའ་པོ་བྱེད་མཁན་ཧ་ཅང་མང་པོ་ཡོད། དེ་འདྲའི་༸རྒྱལ་དབང་གི་དུས་ཚོད་དེ་༸རྒྱལ་བ་ལྔ་པའི་སྐབས་གསར་དུ་ཆགས་པ་དེ་ཕར་བཞག་སྟེ། ༸རྒྱལ་དབང་གོང་མ་སྐུ་ཕྲེང་དགེ་འདུན་རྒྱ་མཚོ་དང་བསོད་ནམས་རྒྱ་མཚོར་ཆོས་ཕྱོགས་ཀྱི་ཐོག་ནས་དངོས་གནས་སྤྱི་མོས་ཡོད་པ། ༸རྒྱལ་དབང་དགེ་འདུན་རྒྱ་མཚོ་མཆོག་ལ་རིས་མེད་པའི་ཞྭ་སེར་མོ་བ། ཞེས་དེ་ལྟ་བུའི་མཚན་ཐོགས་བྱུང་བ་རེད། ༸རྒྱལ་དབང་དགེ་འདུན་རྒྱ་མཚོ་མཆོག་ཡོང་ས་འབྲས་སྤུངས་ནས་རེད། འོན་ཀྱང་རིས་མེད་གནང་མཁན་ཞིག་ཆགས་ཡོད། ཁོང་ཚོ་བཞིན་ངོས་ཀྱིས་ཚེ་སྨད་དེ་ཆོས་ཕྱོགས་ཀྱི་འགན་མུ་མཐུད་འཁྱེར་གྱི་རེད། ངོས་རང་སྒེར་གྱི་ངོས་ནས་འཛམ་གླིང་འདིའི་སྟེང་ཡ་རབས་སྤྱོད་བཟང་གོང་འཕེལ་གཏོང་རྒྱུ་དང་ཆོས་ལུགས་མཐུན་སྒྲིལ་ཡོང་རྒྱུའི་ལས་ཀ་གཅིག་བྱེད་ཀྱི་ཡོད་པ་དེས་གང་ལ་གང་ཙམ་གྱི་ཕན་ཐོགས་ཡོང་གི་འདུག དེང་སང་སློབ་གྲྭ་ཆེན་མོ་མང་དག་ཅིག་གིས་ཁོང་ཚོའི་སློབ་གྲྭ་འདིར་ཡོང་རོགས་འདིར་ཡོང་རོགས་ཞེས་འབོད་སྐུལ་ཞུ་མཁན་མང་པོ་ཡོང་གི་འདུག དེ་ཆོས་བཤད་དུ་ཡོང་རོགས་ཞེས་བརྗོད་ཀྱི་མེད། ངོས་ཀྱིས་མིའི་སེམས་ནང་བདེ་སྐྱིད་ཡོང་རྒྱུར་བསམ་བློ་ཇི་ལྟར་གཏོང་དགོས་ཀྱི་ཡོད་མེད་ལས་ནང་པའི་ཆོས་ཤོད་ཀྱི་མེད། ནང་པའི་ཆོས་ནས་བཤད་པའི་ནང་པའི་ཚན་རིག་གི་ཐོག་ནས་འགྲེལ་བཤད་བརྒྱབ་པ་དེར་མི་མང་པོ་ཞིག་གིས་དགའ་པོ་བྱེད་ཀྱི་འདུག དེར་བརྟེན་མི་མང་པོས་དགའ་མོས་བྱེད་ཀྱི་ཡོད་པའི་ཏཱ་ལའི་བླ་མས་དེའི་སྐབས་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་རེད་ཟེར་རྒྱུ་དེ་མཚམས་བཞག་ན་ང་ཚོ་ནམ་རྒྱུན་ཚོགས་འདུ་ཚོགས་སྐབས་ཚོགས་འདུའི་མཇུག་དེར་ཚོགས་འདུ་རྒྱལ་ཁའི་ངང་གྲོལ་བ་ཡིན་ཟེར་བ་བཞིན། ༸རྒྱལ་དབང་ལྔ་པ་ནས་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བྱས་ཏེ་ལོ་ ༤༠༠ ལྷག་ཕྱིན་པ་དེ་རྒྱལ་ཁའི་ངང་ནས་མཚམས་འཇོག་བྱེད་རྒྱུ་བྱུང་ན་གཟི་བརྗིད་རེད། ངོས་ཀྱི་བསམ་ཚུལ་དེ་རེད། དེ་ངོས་ཀྱིས་ཐག་བཅད་ཐུབ་ཀྱི་རེད་མ་གཏོགས་གཞན་སུ་ཞིག་ནས་ཐག་གཅོད་ཐུབ་ཀྱི་མ་རེད། ཐག་བཅད་ཐུབ་མཁན་དེས་༸རྒྱལ་དབང་ལྔ་པ་ཆེན་པོས་དབུ་བཙུགས་པ་དེ་༸རྒྱལ་དབང་གི་སྐྱེ་ཕྲེང་ཞིག་གིས་ཐག་བཅད་པ་ཞིག་རེད། དེར་འགྱུར་བ་འགྲོ་རྒྱུ་དང་ཤོད་རྒྱུ་གང་ཡང་བསྡད་མེད། ངོས་ནས་དེ་གཅིག་ཤོད་འདོད་བྱུང།
དེ་ནས་དེ་རིང་ཁ་སང་བདུན་ཕྲག་གཅིག་གི་ནང་ངོས་ལ་བོད་ནས་ཁ་པར་གཏོང་མཁན་བྱུང། ༸རྒྱལ་བ་རིན་པོ་ཆེ་རྒན་ཡོལ་གནང་གི་ཡོད་རེད། ད་ཆ་ང་ཚོ་བོད་པ་ཚོ་དཔའ་བོ་རྒྱབ་བཤད་ལྟ་བུ་ཆགས་སོང་ཞེས་སེམས་འཁྲལ་ཆེན་པོ་བྱེད་ཀྱི་འདུག་ཅེས་གོ་བྱུང། དེ་འདྲ་བྱེད་དགོས་དོན་རྩ་བ་ནས་མེད། ༸རྒྱལ་དབང་རིན་པོ་ཆེ་སྐུ་ཕྲེང་བཞི་པ་བར་དུ་ཆོས་ཕྱོགས་ཀྱི་འགོ་ཁྲིད་མ་གཏོགས་ཆབ་སྲིད་ཀྱི་འགན་བཞེས་གནང་མེད། དགའ་ལྡན་ཕོ་བྲང་དགེ་འདུན་རྒྱ་མཚོའི་སྐབས་ནས་ཚུགས་པ་རེད། ཆབ་སྲིད་ཀྱི་འགན་དབང་གང་ཡང་མེད་པར་ཆོས་ཕྱོགས་ཁོ་ནའི་ཐོག་ནས་དངོས་གནས་སྤྱི་མོས་ཡོད་པའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཆགས་པ་རེད། ངོས་ཀྱང་དེ་བཞིན་ཚེ་སྨད་དེ་ཆོས་ཕྱོགས་ཀྱི་ཐོག་ནས་སྤྱི་མོས་ཡོད་པའི་དབུ་ཁྲིད་བྱས་ཏེ་ངོས་ཀྱི་ཞབས་འདྲེན་ཞུས་མི་ཡོང། དེར་བརྟེན་ངོས་ཀྱིས་ཞབས་འདྲེན་མ་ཞུས་པར་ཧུར་ཐག་འབད་ཐག་བྱས་ནས་བསྡད་ན་སྤྱི་མོས་ཕལ་ཆེར་མུ་མཐུད་ནས་སྡོད་ཀྱི་རེད། དེར་བརྟེན་སྤྱི་མོས་ཡོད་པའི་༸རྒྱལ་དབང་གཅིག་གིས་ཆབ་སྲིད་ཀྱི་ལས་ཀ་ཕར་བཞག་སྟེ་ཚུར་ཕྱོགས་དེར་ཕྱིན་པ་ཡིན་ན་ང་ཚོ་འདིར་བཙན་བྱོལ་གྱི་སྒྲིག་འཛུགས་ཡོད་པ་དེ་སྲ་བརྟན་གོང་འཕེལ་ཡག་ཏུ་འགྲོ་རྒྱུ་ཞིག་དང་། འཛམ་གླིང་འདིའི་སྟེང་གི་ང་ཚོར་རྒྱབ་སྐྱོར་བྱེད་མཁན་ཚོ་ཡིན་ནའང་ཏཱ་ལའི་བླ་མས་ཁ་ཞེ་གཉིས་མེད་ཀྱི་མཐའ་བསྐྱལ་ཏེ་མང་གཙོ་མཚན་ཉིད་ཚང་བའི་ཐོག་ཕྱིན་སོང་ཞེས། འཛམ་བུ་གླིང་འདིའི་སྟེང་ཆ་འཇོག་ཡག་ཏུ་འགྲོ་རྒྱུ་དང་། ཕར་ཕྱོགས་དེར་རྒྱ་མི་ཡིན་ནའང་བོད་ལ་དཀའ་ངལ་གང་ཡང་མེད། དཀའ་ངལ་དེ་ཏཱ་ལའི་བླ་མ་རེད་ཟེར་བཤད་དང་ཤོད་མུས་ཡིན། ང་ཚོས་འདིར་ལོ་ངོ་དེ་དག་དཀའ་ལས་བརྒྱབ་པའི་ནང་ཏཱ་ལའི་བླ་མའི་ཐོབ་ཐང་སྐོར་ལ་ཐུག་ཡོད་པ་ལྟ༌བུ་དེ་བརྒྱ་ཆ་བརྒྱ་ཐམ་པ་རྫུན་མ་དང་སྐྱག་རྫུན་ཡིན་པ། ད་ལྟ་ངོས་ཀྱིས་ཐག་གཅོད་བྱས་པ་དེའི་ཐོག་ནས་འཛམ་གླིང་ཀུན་གསལ་ཆགས་ཡོང་གི་ཡོད། ད་ཆ་བོད་ནང་གི་མི་ཚོས་༸རྒྱལ་བ་རིན་པོ་ཆེ་རྒན་ཡོལ་ཕེབས་པ་རེད་ཅེས་སེམས་ཤུགས་ཆག་དགོས་དོན་རྩ་བ་ནས་མེད། ཡག་པོ་བྱས་ཏེ་བསམ་བློ་ཐོངས་དང། སྤྱི་བྱེ་བྲག་གང་གི་ཆ་ནས་ཡིན་ནའང་ད་རེས་འདི་རླབས་ཆེན་གྱི་ཐག་གཅོད་བྱས་པ་ཞིག་ཡིན། ཕུགས་རྒྱང་རིང་པོའི་ཆ་ལ་བོད་སྤྱིའི་བསྟན་སྲིད་ལ་ཕན་རྒྱུ་ཞིག་ཡིན་ཤེས་སོང་ངམ། བོད་རྒྱ་ཆེའི་མི་མང་ལ་ཆ་བཞག་ན་བཙན་བྱོལ་གྱི་སྒྲིག་འཛུགས་བརྟན་དུ་འགྲོ་རྒྱུ་དང་མདུན་ནས་མདུན་དུ་མདུན་བསྐྱོད་བྱེད་རྒྱུ། ཕར་ཕྱོགས་དེར་གུང་ཁྲན་གྱི་གཅིག་སྡུད་ལམ་ལུགས་དང་གང་ལྟར་ང་ཚོ་བཙན་བྱོལ་བ་ཉུང་ཤས་ཤིག་ཡོད་པ་དང་བསྡུར་ན་ང་ཚོ་འདིར་དེང་རབས་ཅན་དུ་བསྒྱུར་རྒྱུ་ཆ་ཚང་བྱུང་ཡོད། དེ་ང་ཚོའི་གཟི་བརྗིད་ཡིན། བོད་ནང་གི་རྒྱ་ཆེའི་མི་མང་ཡིན་ནའང་སྤོབས་པ་སྐྱེས་ཆོག་པ་ཞིག་ཡིན་པས་གནས་ཚུལ་དེ་ཁྱེད་རང་ཚོས་ཤེས་པ་དང་གོ་བར་བྱེད་དགོས། ངོས་སེམས་ཤུགས་ཆག་སྟེ་བོད་ཀྱི་སྤྱི་དོན་བློས་བཏང་བ་ལྟ་བུ་རྩ་བ་ནས་མ་རེད། ངོས་གངས་ཅན་པའི་ཡུལ་མི་ཞིག་ཆགས་ཡོད། གངས་ཅན་པ་ས་ཡ་དྲུག་བོད་མི་སྤྱི་བོ་གནམ་བསྟན་ཡོངས་རྫོགས་ལ་བོད་ཀྱི་སྤྱི་དོན་ཐོགའགན་འཁྲིས་ཡོད། ངོས་ལ་ཆ་བཞག་ནའང་བོད་མི་སྤྱི་བོ་གནམ་བསྟན་གྱི་གྲས་ཤིག་ཆགས་ཡོད། མདོ་སྨད་ཨ་མདོའི་ཡུལ་ནས་ཡོང་པའི་བོད་པ་ཞིག་དང་གངས་ཅན་པ་ཞིག་ཆགས་ཡོད། ངོས་རང་མ་འཆི་བར་འགན་དེ་ཡོད་ཡོད་པ་རེད། ད་ལྟ་ངོས་གཟུགས་པོ་བདེ་པོ་ཡོད་པའི་སྐབས་ལ་ཁྱེད་རང་ཚོས་འགན་ཆ་ཚང་འཁྱེར་དང་དམིགས་བསལ་དཀའ་ངལ་འཕྲད་དེ་ངོས་ཀྱི་མ་བྱས་ན་མི་འགྲིག་པ་ལྟ་བུ་འདུག་ན་ངོས་རང་འདིར་ཡོད་ཡོད་པ་རེད། ངོས་ཀྱི་བློས་བཏང་བ་མ་རེད་ལ་ངོས་རང་སེམས་ཤུགས་ཆག་སྟེ་བསྐྱུར་བ་མ་རེད། དགོས་པ་རྒྱུ་མཚན་ཆེན་པོ་མཐོང་ནས་ང་ཚོ་མང་གཙོའི་ཐོག་ལ་ཕྱིན་པ་དེས་འགན་ཆ་ཚང་ཁྱོག་གི་རེད་ལ་འཁྱེར་རོགས་བྱེད་ཟེར་རྒྱུ་དེ་ཡིན། དེ་ཁྱེད་རང་ཚོ་བློ་གཡེང་རྩ་བ་ནས་བྱེད་མི་དགོས་ཤེས་སོང་ངམ། ཁྱེད་རང་ཚོ་འདིར་དངོས་སུ་ཡོད་མཁན་ཚོ་ཡིན་ནའང་རེད། དེ་བཞིན་བོད་གངས་ལྗོངས་ལ་ཡོད་པ་ཚོ་ཡིན་ནའང་བློ་གཡེང་བྱེད་དགོས་པ་རྩ་བ་ནས་མེད། ཚང་མ་བློ་བདེ་པོ་བྱོས། གནས་ཚུལ་དེ་འདྲ་རེད། ཁ་སང་རང་རྒྱ་མིའི་མཁས་པ་ཞིག་ཐུག་བྱུང་། ཁོང་འདི་ཕྱོགས་སུ་ང་ཚོའི་འོས་བསྡུའི་སྐོར་ལ་ཉམས་ཞིབ་བྱེད་བར་ཡོང་པ་ཡིན ལོ་ལྔའི་གོང་ལ་ཡང་ཡོང་སྟེ་ཞིབ་འཇུག་བྱས་ནས་བསྡད་པ་ཡིན། ད་རེས་ཀྱི་འོས་བསྡུ་བྱེད་རྒྱུའི་ཐོག་མི་མང་པོས་དངོས་གནས་བསམ་བློ་བཏང་སྟེ་འཁུར་བླངས་ནས་བྱེད་ཀྱི་འདུག་པས་འགྱུར་བ་ཞེ་དྲག་ཕྱིན་འདུག མང་གཙོའི་དངོས་གནས་ལས་འགན་སྒྲུབ་རྒྱུ་དང་མང་གཙོའི་ཚོར་བ་དངོས་གནས་ལོངས་སྤྱད་དེ་ཞེ་དྲག་ཡར་རྒྱས་ཕྱིན་འདུག་ཅེས་ཁོང་གིས་བསྔགས་བརྗོད་བྱེད་ཀྱི་འདུག དེ་དག་ང་ཚོ་ཆབ་སྲིད་གོ་རྟོགས་ཤུགས་ཆེ་རུ་ཕྱིན་ཏེ་མདུན་ནས་མདུན་དུ་ཡར་རྒྱས་སོང་བའི་རྟགས་རེད། དེ་རིང་ངོས་ཀྱི་ཐག་གཅོད་བྱས་པ་དེ་ཡང་མདུན་ནས་མདུན་དུ་ཡར་རྒྱས་འགྲོ་རྒྱུའི་རྐྱེན་ཞིག་རེད་མ་གཏོགས་སེམས་ཤུགས་ཆག་པ་རྩ་བ་མ་རེད། དེ་ཁྱེད་རང་ཚོས་སེམས་ལ་ངེས་པ་བྱོས་ཤེས་སོང་ངམ། ཁྱེད་རང་ཚོ་བོད་ལ་ཕར་ལོག་པའི་རྗེས་ལ་བློས་འཁེལ་པ་དེ་ཚོར་བཤད་རྒྱུ་འདུག་ན་བཤད། གཅིག་བྱས་ན་དེ་རིང་རླུང་འཕྲིན་ནང་ནས་གཏོང་མདོག་ཁ་པོ་རེད། གཞིས་ལུས་རྒྱ་ཆེའི་མི་མང་རྣམས་ལ་བརྗོད་རྒྱུར། ༸རྒྱལ་བ་རིན་པོ་ཆེས་རྒན་ཡོལ་བྱས་པ་རེད་ཟེར་བ་དེ། གནས་སྐབས་མཐར་ཐུག་དགོས་པ་རྒྱུ་མཚན་མང་པོ་ཞིག་ལོ་ནས་ལོ་སྦྲེལ་ཏེ་བསམ་བློ་བཏང་ནས་ཐག་བཅད་པ་ཡིན། དེས་བོད་བསྟན་སྲིད་སྤྱི་ལ་ཡུན་རིང་པོའི་ཆ་ནས་ཕན་ཐོགས་རྒྱུ་ཞིག་ཆགས་ཡོད་པས་བློ་གཡེང་རྩ་བ་ནས་བྱེད་མི་དགོས། ཡང་དགའ་ལྡན་ཕོ་བྲང་ཕྱིར་བསྡུ་བྱེད་རྒྱུ་མ་རེད། དགའ་ལྡན་ཕོ་བྲང་ངོས་ཀྱི་བླ་བྲང་ཆགས་ཡོད། ངོས་སྡོད་རིང་བླ་བྲང་ཆུང་ཆུང་ཞིག་དགོས་ཀྱི་ཡོད། དེ་འདྲ་ཡིན་དུས་དགའ་ལྡན་ཕོ་བྲང་མུ་མཐུད་གནས་ཀྱི་རེད། དགའ་ལྡན་ཕོ་བྲང་གི་ཆབ་སྲིད་ཀྱི་འགན་དབང་དེ་བཞག་པ་མ་གཏོགས་དགའ་ལྡན་ཕོ་བྲང་གནས་ཡོད། ད་དུང་ད་ལྟ་བྲེལ་བ་གང་ཡང་མེད། ལོ་ཉི་ཤུ་སུམ་ཅུའི་རྗེས་ངོས་ཀྱི་མི་ཚེའི་མཐར་སླེབས་ན་དེའི་ཚེ་དེའི་དུས་ལ་བོད་པ་གཙོ་བོར་གྱུར་པའི་༸རྒྱལ་དབང་དང་དམིགས་བསལ་གྱི་འབྲེལ་བ་ཡོད་མཁན་གྱི་ནང་པའི་ཡུལ་གྲུ་ཁག་ཚོས་༸རྒྱལ་དབང་མུ་མཐུད་དགོས་ཀྱི་བརྗོད་ན་དགའ་ལྡན་ཕོ་བྲང་གནས་ཡོད། སྐུ་ཕྲེང་བཅོ་ལྔ་པ་དང་བཅུ་དྲུག་པ། བཅུ་བདུན་པ་མུ་མཐུད་ཡོང་ཐུབ་ཀྱི་རེད་ཤེས་སོང་ངམ། བརྟན་པོ་ཞེ་དྲག་ཆགས་ཡོད། ཆབ་སྲིད་འཕོ་འགྱུར་ཡོང་གི་རེད། དགའ་ལྡན་ཕོ་བྲང་༸རྒྱལ་བ་གཉིས་པ་གསུམ་པ་བཞི་པའི་སྐབས་ལྟར་ཆོས་ཕྱོགས་ཀྱི་དབུ་ཁྲིད་རྒྱུ་གཙང་མ་ཞིག་ཆགས་ན་ཧ་ཅང་གི་དགེ་མཚན་ཡོད། མ་འོངས་པར་ཡིན་ནའང་ཕུགས་རྒྱང་རིང་པོའི་ཆ་ནས་བསམ་བློ་བཏང་ན་དེར་དགེ་མཚན་ཞེ་དྲག་ཡོད། ཁ་སང་སྤྱི་འཐུས་ལ་སྤྲད་པའི་ཡི་གེའི་ནང་དགའ་ལྡན་ཕོ་བྲང་གི་གཞུང་ཟེར་བའི་ཚིག་དེ་བསྒྱུར་བཅོས་གཏོང་རྒྱུ་ཆགས་ཀྱི་རེད་ཟེར་བ་དེ་དགའ་ལྡན་ཕོ་བྲང་ཕྱིར་བསྡུ་བྱེད་དགོས་པའི་སྐད་ཆ་མིན། དགའ་ལྡན་ཕོ་བྲང་མུ་མཐུད་གནས་ཀྱི་རེད། འོན་ཀྱང་ཆབ་སྲིད་ཀྱི་འགན་དབང་འཁྱེར་ཏེ་དགའ་ལྡན་ཕོ་བྲང་གི་གཞུང་ངམ། སྒྲིག་འཛུགས་ཞེས་བརྗོད་ན་འགྲིགས་ཀྱི་མེད། དེ་ཕྱིར་བསྡུ་བྱས། ད་ཆ་ང་ཚོ་མང་གཙོའི་གཞུང་ཆགས་ཡོད། གཞུང་ཟེར་བ་དེ་བོད་སྐད་ནང་གཞུང་ཞེས་བརྗོད་དུས་དཔེར་ན་དེ་དགོན་པ་དང་གྲྭ་ཚང་གི་གཞུང་རེད་ཅེས་བརྗོད་རྒྱུ་འདུག བོད་པའི་ཚིག་ནང་གི་གཞུང་ཞེས་པ་དེ་དབྱིན་ཚིག་(Government)ཞེས་པ་དེར་གོ་དགོས་པའི་ཁྱབ་པ་མི་འདུག ང་ཚོས་དབྱིན་ཇིའི་ཚིག་ནང་གི་(Government)ཞེས་པ་དེ་དུས་རྒྱུན་ལྡན་བརྗོད་ཀྱི་མེད། ལོ་གཅིག་ལྡི་ལིར་ཚགས་པར་རྒྱག་མཁན་ཁ་ཤས་ཤིག་ཐུག་སྟེ། སྐབས་དེ་དུས་རིན་པོ་ཆེ་ཡང་ཡོད། ཚགས་པར་རྒྱག་མཁན་ཞིག་གིས་རིན་པོ་ཆེར་(Prime minister of Exile Government)བཙན་བྱོལ་བོད་གཞུང་གི་སྲིད་བློན་ཞེས་བརྗོད་སོང། ངོས་ཀྱིས་སྐབས་དེར་གསལ་བཤད་བྱས་པ་ཡིན། ང་ཚོས་(Prime minister དང་Exile Government)བརྗོད་ཀྱི་མེད། ང་ཚོས་(Central Tibetan Administration)བོད་མི་བཙན་བྱོལ་བ་ཡོད་པ་དེ་དག་ལ་ལྟ་རྟོག་བྱེད་མཁན་གྱི་སྒྲིག་འཛུགས་ཤིག་དགོས་ཀྱི་ཡོད། ཐད་ཀར་འགན་དེ་འཁྱེར་གྱི་ཡོད། བརྒྱུད་ནས་ང་ཚོ་བཙན་བྱོལ་དུ་ཡོད་མཁན་རྣམས་བོད་མིའི་ཆ་ཤས་ཤིག་ཡིན། དེར་བརྟེན་གཞིས་ལུས་རྒྱ་ཆེའི་མི་མང་དོན་གྱི་བདག་པོའི་བསམ་ཚུལ་ཡོད་པ་དེ་དག་དང་ཕར་ཕྱོགས་དེར་བདེ་བ་སྡུག་བསྔལ་ཡོད་པ་དེ་དག་བརྗོད་རྒྱུ་དེ་ང་ཚོའི་ལས་འགན་ཡིན། དེ་ལྟ་བུ་ཞིག་རེད་མ་གཏོགས་ང་ཚོ་འདི་གར་བཙན་བྱོལ་གཞུང་(Exile Government)ཞེས་ནམ་ཡང་བརྗོད་ཀྱི་མེད། དེ་ཤེས་དགོས་པ་ཡིན། བོད་སྐད་ནང་དགའ་ལྡན་ཕོང་གི་གཞུང་ཞེས་བརྗོད་པ་དེ་ཡང་གནས་ཚུལ་ཁག་ཁག་རེད། འོན་ཀྱང་ད་ཆ་ཚིག་ཏག་ཏག་ཅིག་བརྗོད་ན་དགའ་ལྡན་ཕོ་བྲང་བརྗོད་མི་དགོས་པར་ང་ཚོའི་འདིར་(Centre Administration)བྱས། དེའི་འགོ་ཁྲིད་དེ་འོས་བསྡུ་བྱས་ནས་ཡོང་དགོས། དངོས་གནས་བྱས་ན་བོད་ནང་ཡོད་པའི་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཚོས་ཀྱང་བསམ་བློ་ཏོག་ཙམ་གཏོང་དགོས་པ་ཞིག་ཡོད། ང་ཚོ་འདིར་བཙན་བྱོལ་དུ་ཡུལ་གྱར་བྱས་ནས་བསྡད་ཡོད་ཀྱང་ཁ་ཡོད་ལག་ཡོད། མཚན་ཉིད་ཚང་བའི་འོས་བསྡུ་བྱས་ནས་འགྲོ་གི་ཡོད། ཞེ་པོ་ཡོད་ན་བོད་ནང་ལ་མང་གཙོའི་འགྲོ་སྟངས་ཐོག་ནས་སྔོན་ལ་རྒྱ་ནག་དབུས་ག་རེ་ཡིན་ན་མིན་ནའང་བོད་ནང་ལ་མང་གཙོའི་ཐོག་ནས་འོས་བསྡུ་བྱས་ཏེ། འགོ་ཁྲིད་ཅིག་བསྐོས་དང་ཧ་ཅང་ཡག་པོ་ཡོང་གི་རེད། དེར་བརྟེན་ང་ཚོ་དེ་རིང་འདིར་ཆབ་སྲིད་ཀྱི་བསྒྱུར་བ་མང་དག་ཅིག་བཏང་སྟེ་ལས་ཀ་བྱས་པ་དེ་རྒྱུ་མཚན་ལྡན་པ་ཡིན་ལ་འཕྲལ་ཕུགས་ཀུན་ལ་ཕན་ཐོགས་རྒྱུ་ཞིག་དང། མདོ་དོན་སྙིང་པོ་ང་ཚོའི་སྒྲིག་འཛུགས་སྲ་བརྟན་གོང་ནས་གོང་དུ་འཕེལ་རྒྱུ་ཞིག་ཡིན། བློ་གཡེང་རྩ་བ་ནས་བྱེད་མི་དགོས་དེ་འདྲ་ཡིན། ཞེས་བཀའ་སློབ་སྩལ་ཡོད།
ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་མའི་ལམ་གྱི་སྐོར་ལ་བཀའ་སློབ་ཕེབས་དོན། དེ་རིང་འདི་གར་ཁྱེད་རང་ཚོ་བོད་ནས་ཡོང་བ་ཁ་ཤས་ཤིག་འདུག་ལ་རྒྱ་གར་གྱི་མི་ཡང་གང་ཙམ་ཕེབས་འདུག ང་ཚོས་དབུ་མའི་ལམ་ཞེས་པ་དེ་རང་བཙན་མི་རྩོད་པར་གཅིག་རྒྱལ་གཅིག་ཕམ་མིན་པར་གཉིས་སྨན་ཡོང་རྒྱུར་ཐབས་ཤེས་བྱས་དང་བྱེད་མུས་ཡིན། དེ་ཡང་ཕྱོགས་གཅིག་ནས་བསམ་བློ་མང་པོ་བཏང་སྟེ་ཐག་བཅད་པ་ཞིག་རེད། གལ་ཆེ་ཤོས་བོད་ལ་ཡོད་པའི་ཤེས་ཡོན་ཅན་སློབ་ཕྲུག་དེ་ཚོ་མང་པོ་ཞིག་གིས་ངོས་ཐུག་ཡོད། འདས་པའི་ལོ་སུམ་ཅུ་བཞི་བཅུ་དེའི་རིང་མང་པོ་ཐུག་མྱོང་ཡོད། ངོས་ཀྱི་མི་བརྒྱ་ཕྲག་མང་པོ་ཐུག་ཡོད་པ་ཡོངས་རྫོགས་ཀྱིས་དབུ་མའི་ལམ་ཤོད་རྒྱུ་དེ་ལག་ལེན་འཁྱེར་ཐུབ་རྒྱུ་ཡིན་པ་མ་ཟད། རྒྱ་ཕྱོགས་ནས་རྒྱ་རིགས་མང་པོ་ཞིག་གིས་རྒྱབ་སྐྱོར་ཐུབ་རྒྱུ་འདི་དངོས་ཡོད་ཀྱི་གནས་ཚུལ་ལ་རན་པའི་ཐབས་ཤེས་རེད་ཅེས་ཁ་གཅིག་གྲགས་ཀྱིས་བརྗོད་ཀྱི་འདུག དེར་བརྟེན་ང་ཚོའི་འདི་ཕྱོགས་ནས་རིགས་འགའ་ཤས་ཀྱིས་བོད་ནང་གཞིས་ལུས་རྒྱ་ཆེའི་མི་མང་གི་རང་བཙན་འདོད་ཀྱི་ཡོད་ཅེས་ཁའི་རྩེ་མོར་འཁྱེར་ཡོང་གི་འདུག བསམ་བློ་གང་ཡང་མེད་མཁན་ཞིག་ལ་ཁྱོད་ལ་རང་བཙན་དགོས་སམ་རང་སྐྱོང་དགོས་སམ་དྲིས་ན་རང་བཙན་དགོས་ཅེས་བརྗོད་ཀྱི་རེད། སྲང་ལམ་གསེབ་ནས་ལམ་སེང་རང་བཙན་སྒྲུག་ཆོག་པ་ཞིག་ཡོད་ན་འགྲིག་གི་ཡོད་ཀྱང་དེ་མ་རེད། དེར་བརྟེན་དངོས་ཡོད་ཀྱི་གནས་ཚུལ་དང་རན་པའི་ཕྱོགས་ཡོངས་ནས་བསམ་བློ་བཏང་སྟེ་ཐག་བཅད་པ་ཞིག་རེད་མ་གཏོགས་ལམ་སང་སོ་སོའི་སེམས་ཀྱི་རེ་བ་དང་འདོད་པ་ཁོ་ནའི་ཐོག་ནས་ཡོང་རྒྱུ་ཁག་པོ་ཞེ་དྲག་རེད། ང་ཚོར་རང་བཙན་ཐོབ་ཐང་ཡོད་ཅེས་བརྗོད་ན་དེ་རྒྱུ་མཚན་ལྡན་པ་རེད། ཐོབ་ཐང་ཡོད་པའི་རྒྱུ་མཚན་དུ་བྱས་ཏེ་ད་ལྟ་ང་ཚོར་རང་བཙན་དགོས་ཞེས་བརྗོད་ན་སུས་རྒྱབ་སྐྱོར་བྱེད་ཀྱི་རེད་དམ། སྔོན་ལ་རྒྱ་གར་གཞུང་དང་། ཨ་རི། ཡུ་རོབ་གྲོས་ཚོགས། རྒྱ་ནག་གི་ཤེས་ཡོན་ཅན་དེ་ཚོས་རྒྱབ་སྐྱོར་བྱེད་ཐུབ་ཀྱི་མ་རེད། དེ་དག་གིས་རྒྱབ་སྐྱོར་མེད་ན་ང་ཚོ་གཅིག་པུས་བྱེད་ཐུབ་ཀྱི་མ་རེད། དངོས་ཡོད་ཀྱི་གནས་ཚུལ་རན་པའི་ཐོག་བསམ་བློ་གཏོང་དགོས། ལྷག་པར་རྒྱ་ཆེའི་མི་མང་བོད་ལ་ཡོད་པ་དེ་དག་གསར་འབྱོར་ཡོང་མཁན་ངོས་ཀྱིས་བརྒྱ་ཕྲག་མང་པོ་ཐུག་ཡོད། མི་ངོ་ཤེས་པ་གཅིག་ལ་གཉིས་བརྒྱུད་ཀྱི་ཐོག་ནས་ངོས་དང་མང་པོ་ཞིག་འབྲེལ་བ་ཡོད། ཉེ་ཆར་བོད་ནས་ཡོང་མཁན་ཚོའི་ནང་རྒྱ་ནག་གི་སློབ་གྲྭ་ཆེན་པོ་ཐོན་པའི་སློབ་ཕྲུག་གཅིག་གིས་བོད་དང་རྒྱ་ནག་ནང་ཡོད་མཁན་སློབ་ཕྲུག་ཁོ་རང་ཚོའི་མི་ཐོག་ཁོ་ན་སྟོང་ཕྲག་ཡོད་པ་དེ་དག་ཚང་མས་༸རྒྱལ་བ་རིན་པོ་ཆེས་བསམ་བློ་བཏང་བའི་དབུ་མའི་ལམ་ཟེར་བ་དེར་མོས་མཐུན་དང་རྒྱབ་སྐྱོར་ཡོད་ཅེས་ངོས་ལ་དེ་ལྟར་བཤད་བྱུང་། འདི་ཕྱོགས་ནས་བསམ་བློ་མ་བཏང་བར་ཁ་ནས་བོད་རྒྱ་ཆེའི་མི་མང་གི་རང་བཙན་འདོད་ཀྱི་ཡོད་༸རྒྱལ་བ་རིན་པོ་ཆེས་རང་བཙན་འདོད་ཀྱི་མེད། ཅེས་སྐད་ཆ་དེ་མ་བཤད། ཤེས་སོང་ངམ་དེ་གཅིག་བརྗོད་འདོད་བྱུང་། ཞེས་བཀའ་སློབ་ཟབ་མོ་སྩལ་ཏེ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་གྲོལ་བ་བཅས། །