༢༠༡༡ ཟླ་ ༣ ཚེས་ ༡༤ རེས་གཟའ་ཟླ་བ།
༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་བོད་རྒྱལ་ལོ་ ༢༡༣༨ བོད་ཟླ་ ༡ ཚེས་ ༩ ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༤ ཚེས་ ༢༥ བར་ཉིན་གྲངས་བཅུ་གཉིས་རིང་བཙན་བྱོལ་བོད་གཞུང་གི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་གྲོས་ཚོགས་ཁང་དུ་དབུ་འཛུགས་གནང་ཡོད།
དེ་ཡང་ཕྱི་ཟླ་ ༣ ཚེས་ ༡༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག བཙན་བྱོལ་བོད་གཞུང་གི་དཔལ་ལྡན་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་བཅས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གྲོས་ཚོགས་ལ་སྩལ་བའི་གསུང་འཕྲིན་རིན་པོ་ཆེ་སྤོས་སྣེས་སྔོན་བསུས་ཏེ་གྲོས་ཚོགས་སུ་གདན་འདྲེན་ཞུས་གྲུབ་མཚམས་བཀའ་ཁྲི་མཆོག་གི་དབུས་བཀའ་བློན་རྣམ་པ། ཆོལ་གསུམ་ཆོས་ལུགས་དང་བཅས་པའི་བོད་མི་མང་སྤྱྲི་འཐུས་རྣམ་པ། ཟུར་ཉན་པ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། ཕྱི་ནང་གི་གསར་འགོད་པ་དང། ཟུར་ཉན་གཞན་རྣམས་བཅས་ཚང་འཛོམས་ཐོག་གྲོས་ཚོགས་ཀྱི་ཚོགས་དུས་བཅུ་གཅིག་པ་དབུ་འཛུགས་ཀྱིས་ཐོག་མར་རྟེན་འབྲེལ་གསོལ་ཇ་དང་། འབྲས་སིལ་ཕུལ་གྲུབ་རྗེས་ཚང་མ་སྐུ་བཞེངས་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་སྟེ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གྲོས་ཚོགས་དབུ་འཛུགས་ཀྱི་གསུང་བཤད་གནང་དོན། དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་གིས་དབུས་བཀའ་བློན་རྣམ་པ་དང། དཔལ་ལྡན་ཚོགས་གཞོན་མཆོག་གིས་གཙོས་བཀུར་འོས་སྤྱི་འཐུས་རྣམ་པ་ལྷན་རྒྱས། དེ་རིང་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་བཅུ་གཅིག་པའི་ཐོག་ཚང་མ་སྐུ་གཟུགས་བདེ་ཐང་ངང་ཚོགས་བཅར་གནང་ཐུབ་པར་ཚོགས་གཙོའི་ངོས་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ད་རེས་ཀྱི་ཚོགས་དུས་འདི་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་མཐའ་མ་ཆགས་ཀྱི་ཡོད་པ་མ་ཟད། ཚོགས་དུས་འདི་ནི་སྔོན་རྩིས་ཀྱི་ཚོགས་དུས་ཆགས་ཡོད། ཚོགས་འདུ་འདི་རྒྱལ་སྤྱིའི་ཆ་ནས་བཤད་ན། འཛམ་གླིང་ནང་དེ་སྔོན་བསམ་བློའི་ནང་འཁོར་མ་ཐུབ་པའི་འགྱུར་འགྲོས་ཆེན་པོ་ཞིག་འགྲོ་བཞིན་པའི་དུས་སྐབས་ཤིག་ཆགས་ཡོད། བྱང་ཨ་ཕི་རི་ཀའི་(Tunisia)ཊུ་ནེ་ཤི་ཡ་ནས་འགོ་བཙུགས་ཏེ་ (Egypt)ཨི་ཇིབ། (Yemen)ཡ་མན། (Berlin)འབར་ལིན། (Libya)ལི་བི་ཡཱ་བཅས་ཀྱི་གཞུང་འཛིན་སྒེར་གཅོད་ལ་མི་མང་གིས་ཞི་རྒོལ་བྱས་ཏེ་གཞུང་མགོ་རྟིང་སློག་ཐུབ་པའི་གནས་སྟངས་དེ་འདྲ་བྱུང་ཡོད། སྔོན་མའི་ལོ་རྒྱུས་ནང་ཤར་ཇར་མན་ནི་དང་ནུབ་ཇར་མན་ནི་དབར་ལ་བརྩིགས་པ་སློག་རྒྱུ་དང་ཨུ་རུ་སུ་ཁ་འཐོར་འགྲོ་རྒྱུ། དེ་བཞིན་བྱང་ཨ་ཕི་རི་ཀ་དང་དཀྱིལ་ཤར་ཨེ་ཤི་ཡའི་ནང་ལ་གནས་ཚུལ་དེ་ལྟར་བྱུང་ཡོད། གནས་ཚུལ་དེ་དག་གི་འོག་ནས་ང་ཚོའི་བོད་དོན་ཐོག་ལ་ཡིན་ནའང་ཏན་ཏན་འགྱུར་བ་ཞིག་ཕྱིན་ཏེ། སོ་སོའི་རྒྱལ་ཁབ་ཏུ་ལོག་རྒྱུའི་གོ་སྐབས་ཡོང་གི་རེད་བསམ་པའི་རེ་བ་བྱེད་བཞིན་ཡོད། གནད་དོན་དེ་དག་གིས་རྐྱེན་པས་རྒྱ་ནག་ནང་ལའང་མང་གཙོ་དོན་གཉེར་བ་དང་རང་དབང་དང་ཞི་བདེ་ལ་དགའ་མཁན་གྱིས་(Jasmine Revolution) བ་བུའི་མེ་ཏོག་གི་གསར་བརྗེ་ལ་དཔེ་སྦྱར་ནས་རྒྱ་ནག་ནང་ལ་ཞི་རྒོལ་བྱེད་རྒྱུའི་འབད་བརྩོན་ཞིག་བྱས་ཡོད། འོན་ཀྱང་རྒྱ་ནག་གི་དབང་འཛིན་པ་ཚོས་ད་ལྟའི་རྒྱལ་སྤྱིའི་ཆབ་སྲིད་འགྱུར་འགྲོས་ལ་མ་བལྟས་པ་མ་ཟད། དེ་ནས་ལེགས་ཆ་མ་ལེན་པར་ད་དུང་ཡང་དྲག་གནོན་བྱེད་རྒྱུའི་ལས་འགུལ་སྤེལ་དང་སྤེལ་མུས་ཡིན། གང་ལྟར་མ་འོངས་པར་རྒྱ་ནག་ནང་བསྒྱུར་བ་མི་འགྲོ་བ་གནས་ཐབས་མེད་པ་ཞིག་ཡིན་པ་གསལ་པོར་བརྗོད་ཐུབ་པ་ཞིག་ཡིན། བོད་ནང་དུ་ཡིན་ཡང་ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུ་བཞིའི་དོན་རྐྱེན་བྱུང་བ་ནས་བཟུང་འདི་ལོ་ཕྱི་ཟླ་ ༣ ཚེས་ ༡༤ ཉིན་ལོ་གསུམ་ཏག་ཏག་འཁོར་ཡོད། བོད་ནང་གི་ཛ་དྲག་གི་གནས་སྟངས་ད་དུང་མུ་མཐུད་ནས་ལྷག་ཡོད་པ་མ་ཟད། ད་ལྟ་ང་ཚོས་འདི་གར་སྐད་ཤོད་བཞིན་པའི་སྐབས་ལ་ཡང་བོད་ནང་དུ་དམ་བསྒྲགས་ཤུགས་ཆེན་པོ་བྱེད་བཞིན་ཡོད་པ་དེ་ང་ཚོས་ཤེས་གསལ་ཡིན། བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་ང་ཚོས་གདུང་སེམས་མཉམ་སྐྱེ་ཡོད་ཅེས་དེ་རིང་གྲོས་ཚོགས་ཀྱི་སྡིངས་ཆ་འདིའི་ཐོག་ནས་ཞུ་འདོད་བྱུང།
ང་ཚོ་བཙན་བྱོལ་དུ་ཆ་བཞག་ནའང་དེ་རིང་གི་གྲོས་ཚོགས་འདི་མང་གཙོ་དབུ་བརྙེས་ནས་ལོ་ལྔ་བཅུ་ཧྲིལ་པོ་འཁོར་ཏེ་ད་ལྟ་ལོ་ལྔ་བཅུ་ང་གཅིག་ཐོག་འགྲོ་བཞིན་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ས་མ་ཤོར་གོང་ནས་བོད་ནང་ལེགས་བཅོས་ཀྱིས་དགོངས་གཞི་མཛད་ཡོད། དེ་བཞིན་བཙན་བྱོལ་དུ་ཆིབས་སྒྱུར་བསྐྱངས་པ་ནས་བཟུང་ད་ལྟ་བར་དུ་མང་གཙོའི་འཕེལ་རིམ་ཐོག་ལ་ག་དུས་ཡིན་ཡང་༸གོང་ས་མཆོག་གིས་བཀའ་སྩལ་ཏེ་ང་ཚོ་མང་གཙོའི་ལམ་སྲོལ་དུ་འགྲོ་རྒྱུ་ཤུགས་ཆེ་རུ་བཏང་བའི་གནས་སྟངས་དེ་མགོན་པོ་གང་ཉིད་མཆོག་གི་ཐུགས་རྗེ་བཀའ་དྲིན་ལས་བྱུང་བ་ཞིག་ཡིན། ད་ལྟ་རྒྱལ་སྤྱིའི་ནང་ལ་འཐབ་རྩོད་བྱེད་མཁན་གཞུང་འཛིན་པ་ཚོས་མི་མང་གི་སྔོན་འདོད་ལ་གཞི་མ་བཞག་པའི་ཐོག་ནས་དྲག་གནོན་བྱེད་བཞིན་ཡོད། འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་ཀྱི་ཐོག་ནས་དྲང་བདེན་ཡོང་རྒྱུ། རང་དབང་ཞེས་པ་ཡོངས་རྫོགས་བརྡལ་བཤིག་བཏང་དང་གཏོང་མུས་ཡིན། ང་ཚོའི་གནས་སྟངས་ནི་དེ་ལ་ལྡོག་སྟེ་ག་དུས་ཡིན་ཡང་༸གོང་ས་མཆོག་གིས་མི་མང་ལ་དབང་ཆ་གསོལ་རས་སྩལ་ཏེ། མང་གཙོའི་འཕེལ་རིམ་ཤུགས་ཆེ་རུ་གཏོང་རྒྱུ་སོགས་ཀྱི་གནས་སྟངས་ཤིག་ཆགས་ཡོད། ཁ་སྔོན་གསུམ་བཅུའི་དུས་དྲན་སྐབས་བཀའ་སློབ་ལྗིད་པོ་ཕེབས་པ་གཞིར་བཟུང་ཐོག་དེ་རིང་གྲོས་ཚོགས་ལའང་ཤོག་ལྷེ་བདུན་ཅན་གྱི་གསུང་འཕྲིན་ཞིག་སྩལ་ཡོད། དེའི་ནང་དོན་ཡང་ད་ལྟའི་ཆབ་སྲིད་ཀྱི་གནས་སྟངས་དང་ཕྱོགས་མང་པོ་ཞིག་ལ་གཞི་བཞག་ནས་སེམས་ནང་མ་ཤོང་བའི་གནས་སྟངས་ཤིག་ཆགས་ཀྱི་འདུག དེར་བརྟེན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་ལྷག་པར་སྐབས་བཅུ་བཞི་པའི་གྲོས་ཚོགས་འདིར་འགན་ཆེན་པོ་ཞིག་སླེབ་ཀྱི་ཡོད། འགན་ཆེན་པོ་ཞིག་སླེབ་པ་ལྟར་གསུང་འཕྲིན་རིན་པོ་ཆེའི་ནང་དོན་ལ་ང་ཚོ་ཚང་མས་བསམ་བློ་གཏིང་ཟབ་བཏང་སྟེ། སོ་སོའི་བསམ་ཚུལ་གྲོས་ཚོགས་འདིའི་ནང་སྤུངས་དགོས་རྒྱུའི་གནས་སྟངས་ཤིག་ཆགས་ཡོད། དེ་བཞིན་འགན་བསྐུར་བ་དེ་ང་ཚོས་འཁྱེར་ཐུབ་པ་ཞིག་བྱེད་རྒྱུ་ནི་གལ་ཆེན་པོ་རེད་བསམ་གྱི་ཡོད། ད་རེས་གྲོས་ཚོགས་ནང་རྩ་བའི་སྔོན་རྩིས་ཀྱི་ལམ་རིམ་ཐོག་དུས་ཚོད་གང་ཙམ་ཞིག་གཏོང་རྒྱུ་ཡིན་ཡང་དེ་རིང་གསུང་འཕྲིན་རིན་པོ་ཆེ་ཕེབས་སྟབས། དེའི་ཐོག་ལ་དུས་ཚོད་གང་མང་ཞིག་གཏོང་ཐུབ་རྒྱུ་དང་། དེ་བརྒྱུད་ནས་གྲོས་ཚོགས་ཀྱི་མ་འོངས་ལས་དོན་བྱེད་ཕྱོགས་ཐོག་ལམ་སྟོན་གསལ་པོ་ཡོང་ཐུབ་རྒྱུའི་རེ་བ་ཞུ་བཞིན་ཡོད། མཐའ་དོན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་དྲ་རྒྱ་ཞིག་གསར་འཛུགས་བྱས་ཡོད་པ་འདི་ཟུར་དུ་འགོ་འབྱེད་བྱེད་མི་དགོས་པར་དེ་རིང་གྲོས་ཚོགས་དབུ་འབྱེད་ཀྱི་གཏམ་བཤད་ནང་བཤད་ན་བསམ་བྱུང་། དེ་བརྒྱུད་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གང་འདྲ་བྱེད་ཀྱི་ཡོད་པ་དེ་གསལ་པོ་བཟོ་ཐུབ་རྒྱུ་ཞིག་དང་། ལྷག་པར་གྲོས་ཚོགས་ཀྱི་ལས་རིམ་འདི་ཕྱི་དྲིལ་ལས་ཁུངས་ཀྱི་བརྙན་འཕྲིན་བརྒྱུད་ནས་རྒྱལ་སྤྱིའི་ནང་ལྟ་ཐུབ་རྒྱུའི་གནས་སྟངས་ཤིག་བསྐྲུན་ཡོད། བོད་མི་མང་སྤྱི་འཐུས་ཀྱི་དྲ་རྒྱ་བརྒྱུད་ནས་དྲ་ཐོག་ནས་གསན་ཐུབ་རྒྱུའི་མཐུན་རྐྱེན་སྦྱོར་གྱི་ཡོད།
ཁ་བྱང་ནི་(Chithu.org )དང་ཡང་ན་(Tibetan Parliament. org )ཐོག་གཟིགས་ཐུབ་ཅེས་གསུང་བཤད་གནང་བ་དང་ཆབས་ཅིག་ཚོགས་གཙོའི་ལས་ཚབ་དང་། ལས་རིམ་ཚོགས་ཆུང་གི་ཚོགས་མི་བསྐོ་གཞག་གནང། དེ་ནས་སྤྱི་འཐུས་དགེ་བཤེས་ཐུབ་བསྟན་འཕེལ་རྒྱས་ལགས་ཀྱིས་གཞུང་འབྲེལ་རྗེས་དྲན་གྲོས་འཆར་སྒྲོགས་སྦྱང་གནང་རྗེས་ཉི་ཧོང་དུ་ས་ཡོམ་གྱི་གོད་ཆག་འོག་འདས་གྲོངས་སུ་གྱུར་བ་རྣམས་ལ་མྱ་ངན་མཚོན་ཆེད་ངག་བཅད་སྐར་མ་གཅིག་གནང་། དེ་རྗེས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་བཅུ་གཅིག་པའི་ཐོག་སྩལ་བའི་གསུང་འཕྲིན་གྲོས་ཚོགས་ར་བའི་ནང་སྒྲོགས་སྦྱང་གནང་རྗེས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་།
དེ་ནས་༸གོང་ས་མཆོག་གི་གསུང་འཕྲིན་ལ་ཐུགས་རྗེ་ཆེ་ཞུའི་གྲོས་འཆར་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས་ནས་སྒྲོགས་སྦྱང་གནང་གྲུབ་མཚམས་སྤྱི་འཐུས་སྐལ་བཟང་རྒྱལ་མཚན་ལགས་ནས་རྒྱབ་སྐྱོར་གནང་རྗེས་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་གིས་བཙན་བྱོལ་བོད་གཞུང་གི་རྩིས་ལོ་ ༢༠༡༡། ༢༠༡༢ ལོའི་སྔོན་རྩིས་འགོད་འབུལ་གྱི་གསུང་བཤད་གནང་ཡོད་པ་བཅས། །