༢༠༡༡ ཟླ་ ༣ ཚེས་ ༢༥ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༢༤ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥།༣༠ ཐོག་རྡ་ས་བཞུགས་སྒར་གངས་སྐྱིད་ལག་རྩེད་སྤོ་ལོའི་ཐང་ཆེན་དུ་བོད་གཞུང་འཕྲོད་བསྟེན་བཀའ་བློན་དཔལ་འབྱོར་ཚེ་རིང་མཆོག་དང་། དྲུང་ཆེ་ཕ་ཟུར་དབང་ཕྱུག་ལགས། བོད་མི་མང་སྤྱི་འཐུས་དང་བདེ་ལེགས་སྨན་ཁང་གི་འགན་འཛིན་ཟླ་བ་ཕུན་སྐྱིད་ལགས། ཨི་ཊ་ལིའི་གདུང་སེམས་མཉམ་སྐྱེ་ལྷན་ཚོགས་ཀྱི་འགན་འཁུར་བ་སྐུ་ཞབས་(fulvio Saolvo) ལགས། བདེ་ལེགས་སྨན་ཁང་གི་སྨན་པ་དཀོན་མཆོག་རྡོ་རྗེ་ལགས། སྤོ་ལོ་འགྲན་བསྡུར་གནང་མཁན་བདེ་སྲུང་ལས་ཁུངས་དང་སྐུ་སྲུང་བའི་རུ་ཁག་གཉིས། དེ་བཞིན་ཉེ་འཁོར་ལྟད་མོ་བ་རྣམ་པ་བཅས་ལྷན་འཛོམས་ཀྱིས་ཐོག་མར་སྨན་པ་དཀོན་ མཆོག་རྡོ་རྗེ་ལགས་ཀྱིས་རྒྱལ་སྤྱིའི་གློ་ནད་ཉིན་མོ་ངོ་སྤྲོད་དང་སྦྲགས་གསུང་དོན། ང་ཚོ་བོད་པའི་སྤྱི་ཚོགས་ནང་སྔོན་མ་ཕྱི་ལོ་ ༡༩༥༩ རྗེས་གློ་ནད་ཀྱི་ནད་གཞི་འདིས་མི་མང་པོ་གྲོངས་ཏེ་དོ་སྣང་ཤུགས་ཆེ་བྱུང་ཡོད་ཀྱང་། བར་སྐབས་ནད་གཞི་འདི་སྔོན་འགོག་སྨན་ཐོན་པ་ནས་བཟུང་ནད་པ་དྲག་སྐྱེད་ཡོང་དུས་རིམ་པས་དོ་སྣང་མེད་པ་ལྟ་བུ་ཆགས་སྟེ། དཔེར་ན། བྱང་ཨ་རི་ཁུལ་དུ་བསླེབས་པའི་བོད་མི་བརྒྱ་ ༩༠ ལྷག་ལ་གློ་ནད་ཀྱི་ནད་གཞི་ཡོད་པའི་བརྟག་དཔྱད་སྙན་ཐོ་ཐོན་ཡོད། ལྷག་པར་དེང་སྐབས་བོད་པའི་སྤྱི་ཚོགས་ནང་ནད་གཞི་འདི་ཕལ་ཆེ་བ་གཞོན་སྐྱེས་ཚོར་ འགོས་ཀྱི་ཡོད། སློབ་གྲྭ་ཁག་དང་དགོན་པ་སོགས་མི་མང་འདུ་སྡོད་ཆེ་སར་འཕྲོད་བསྟེན་ལ་ཐུགས་སྣང་ དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་སོགས་གསུངས།
དེ་ནས་ཨི་ཊ་ལིའི་ལྷན་ཚོགས་ཀྱི་འགན་འཁུར་བས་གསུང་བཤད་གནང་རྗེས་འཕྲོད་བསྟེན་ བཀའ་བློན་མཆོག་གིས་གསུང་བཤད་གནང་དོན། དེ་རིང་འདི་གར་ཕེབས་མཁན་རྣམ་པ་ཚང་མར་ངས་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱི་ ཚབ་ཞུས་ཏེ་བཀྲིས་བདེ་ལེགས་ཞུ་གི་ཡིན། དེ་རིང་འདིར་རྩེད་མོའི་ལམ་ནས་ལས་འགུལ་ ཧ་ཅང་གི་གལ་ཆེན་པོ་ཞིག་གནང་གི་ཡོད། རྩེད་མོ་བ་རྣམ་པ་ཚོ་དང་ལས་འགུལ་ལ་རྒྱབ་སྐྱོར་གནང་མཁན། དེ་བཞིན་འདི་གར་ལྟད་མོ་ལྟ་བར་ཕེབས་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་རིང་འཛམ་གླིང་གློ་ནད་ཀྱི་ཉིན་མོ་འཁེལ་ཡོད་པ་དེ་སྲུང་བརྩི་བྱེད་རྒྱུ་ཧ་ ཅང་གི་གནད་འགག་ཅིག་ཡིན། རྩ་བའི་ང་ཚོའི་སྤྱི་ཚོགས་ནང་ཕྱི་ལོ་ ༡༩༦༠ དང། ༡༩༧༠ གནས་སྟངས་ལ་བལྟས་ན་གློ་ནད་ཐོག་ང་ཚོར་ཧ་ཅང་གི་གྲུབ་འབྲས་ཐོན་ཏེ་རྒྱལ་ཁ་ཆེན་ པོ་ཐོབ་ཡོད་ཅེས་བརྗོད་ཆོག་ཞིག་ཡིན། གོང་དུ་ཞུས་པའི་ལོ་དེའི་ནང་བོད་མིའི་རྩ་འབོར་གྱི་བརྒྱ་ཆ་ ༣༠ ཡས་མས་གློ་ནད་ཀྱི་ནད་པར་གྱུར་བའི་ལོ་རྒྱུས་བྱུང་འདུག ད་ལྟའི་ཆར་བོད་མི་ཁྱོན་ཡོངས་ནས་སྟོང་ཕྲག་ཡས་མས་ཤིག་ལས་མེད། འོན་ཀྱང་གློ་ནད་ན་ཚ་ཡོད་པ་དེ་མང་བ་ གཞོན་སྐྱེས་ཡིན་པ་དང་། དེའི་ནང་ནས་མང་བ་དེ་སྨན་མ་ཟུག་མཁན་དང་སྨན་གྱི་ནུས་པ་མ་ཐོན་མཁན་དེ་འདྲའི་གནས་སྟངས་ཆགས་ཡོང་གི་འདུག དེར་བརྟེན་ང་ཚོའི་ངོས་ནས་ཡིད་གཟབ་དང་དོ་སྣང་ཤུགས་ཆེ་བྱེད་དགོས་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་ཆགས་ཡོད་སྟབས། དེ་རིང་གློ་ནད་ཀྱི་ནད་གཞི་འདིའི་སྐོར་གོ་རྟོགས་གོང་འཕེལ་གྱི་ཆེད་ལས་འགུལ་ སྤེལ་རྒྱུ་དེ་གནད་འགག་ཆེན་པོ་ཡིན། དེ་བཞིན་གོང་དུ་སྨན་པ་དཀོན་མཆོག་ལགས་ཀྱིས་གསུངས་པ་ལྟར་བསིལ་སྤོ་རེ་རེ་བླུག་ དུས་ནད་པ་རེ་རེ་དྲག་སྐྱེད་ཡོང་རྒྱུའི་སྨོན་ལམ་ཡོད་གསུངས་སོང་། ངས་དེར་རྒྱབ་སྐྱོར་བྱས་ཏེ་ང་ཚོས་ཟློག་པ་བརྒྱབ་པ་ལྟར་གློ་ནད་རྩ་བ་ནས་ཞི་བར་གྱུར་ཅིག་ཞུ་རྒྱུ་ཡིན་གསུངས་ཡོད། དེ་ནས་ལག་རྩེད་སྤོ་ལོ་དབུ་འཛུགས་གནང་སྟེ་རྩེད་འགྲན་གྲུབ་རྗེས་བཀའ་བློན་མཆོག་གིས་རྒྱལ་ཁ་ཐོབ་མཁན་སྐུ་སྲུང་རུ་ཁག་ལ་བྱ་དགའ་གནང་ཡོད་པ་བཅས། །
རྒྱལ་སྤྱིའི་གློ་ནད་ཀྱི་ཉིན་མོ་སྲུང་བརྩིའི་ཆེད་ལག་རྩེད་སྤོ་ལོ་འགྲན་བསྡུར་གནང་བ།
གསར་གནས།
འབྲེལ་གནས།