༢༠༡༡ ཟླ་ ༣ ཚེས་ ༣ རེས་གཟའ་ཕུར་བུ།
༄༅། །རྒྱ་གར་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ལ་ལྟ་རྟོག་གནང་མཁན་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ལ་དྭགས་ཀྱི་མི་རིགས་ཡིན་པ་དཔའ་འཛིན་དབང་མོ་ལགས་ཉེ་ལམ་ཕྱི་ཚེས་ ༢༤ ཉིན་བཞུགས་སྒར་རྡ་སར་གཟིགས་སྐོར་དུ་ཕེབས་པའི་སྐབས་གཞུང་འབྲེལ་ལས་རིམ་ནང་བོད་གཞུང་གི་བཀའ་བློན་ཁྲི་པ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་དབུས་མཛད་གཙོ་རྣམ་པར་མཇལ་འཕྲད་གནང་ཡོད་པ་མ་ཟད། ཁོང་ལ་བོད་གཞུང་ནས་གསོལ་སྟོན་ཞིག་ཀྱང་བཤམས་ཡོད། དེའི་སྐོར་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས་གསུངས་པའི་ནང། སྤྱིར་བཏང་ལྕམ་སྐུ་དཔའ་འཛིན་དབང་མོ་ལགས་ཁོང་རང་གཞུང་འབྲེལ་ལས་དོན་ཐོག་ནས་ཕེབས་པ་ཙམ་མ་ཟད། ཧི་མ་ཅལ་མངའ་སྡེའི་སྐུ་མགྲོན་བྱས་ནས་འདི་གར་ཕེབས་པ་ཞིག་ཆགས་ཀྱི་ཡོད། དེ་ཡང་ཀང་རའི་རྫོང་དཔོན་ལ་ཁོང་གིས་གཞུང་འབྲེལ་ལས་ཁུངས་བརྒྱུད་ནས་ད་རེས་བཞུགས་སྒར་རྡ་སར་བཅར་སྐབས་བཙན་བྱོལ་བོད་གཞུང་གི་མཛད་གཙོ་རྣམ་པ་ཐུག་འཕྲད་བྱེད་ཀྱི་ཡིན་ཞེས་རྫོང་དཔོན་ལ་གསུངས་འདུག དེ་བཞིན་རྫོང་དཔོན་ནས་ཀྱང་ང་ཚོར་བཀའ་མངགས་གནང་བར་ང་ཚོ་ཧ་ཅང་དགའ་པོ་བྱུང་། གང་ཡིན་ཟེར་ན། ཁོང་རང་ད་རེས་གཞུང་འབྲེལ་ལས་རིམ་ནང་བཙན་བྱོལ་བོད་གཞུང་གི་མཛད་གཙོ་རྣམ་པ་དང་། གྲོས་ཚོགས་བཅས་སུ་ཐུག་འཕྲད་གནང་བར་ཕེབས་པ་དེ་གཟི་བརྗིད་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། དེ་བཞིན་ཉིན་གུང་གསོལ་ཚིགས་སྐབས་ཀྱང་བཀའ་མོལ་མང་དག་ཅིག་བྱུང་བའི་ཁྲོད་ནས་ཁོང་གིས་བཀའ་མོོལ་གསུངས་པའི་ནང་ངས་གཟི་བརྗིད་ཆེ་ཤོས་དེ་ག་རེ་མཐོང་བྱུང་ཞེ་ན། ཁོང་གི་སེམས་གཏིང་ནས་ངོས་འཛིན་བྱེད་རྒྱུ་ཞིག་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བཙན་བྱོལ་བོད་མི་རྒྱ་གར་དུ་ཡོད་པ་རྣམས་ནས་ནང་པ་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། ཡང་སྒོས་ཧི་མ་ལ་ཡའི་རི་རྒྱུད་དུ་ནང་པ་སངས་རྒྱས་པའི་བསྟན་པ་དང་རིག་གཞུང་ཡར་རྒྱས་གོང་འཕེལ་ཡོང་རྒྱུར་བཀའ་དྲིན་ཆེན་པོ་ཆགས་ཡོད་སྐོར་སོགས་གསུངས་འདུག་པ་བཅས། །
རྒྱ་གར་དབུས་གྲངས་ཉུང་མི་རིགས་ཀྱི་སྐུ་ཚབ་བཞུགས་སྒར་དུ་ཕེབས་ནས་བོད་གཞུང་གི་མཛད་གཙོ་རྣམས་དང་མཇལ་འཕྲད་གནང་ཡོད།
གསར་གནས།
འབྲེལ་གནས།