༢༠༡༡ ཟླ་ ༣ ཚེས་ ༢༥ རེས་གཟའ་པ་སངས།
༄༅། །ཡུ་རོབ་གྲོས་ཚོགས་ནང་བོད་རིགས་གཞོན་སྐྱེས་གཉིས་ལ་གྲོས་ཚོགས་ཀྱི་འགྲོ་ལུགས་དང་འཐུས་མི་ཚོས་ལས་དོན་བྱེད་ཕྱོགས་ཐོག་མཉམ་མྱོང་གསོག་ཆེད་སློབ་སྦྱོང་བྱེད་ཆོག་པའི་གོ་སྐབས་གནང་བ།
དེ་ཡང་གོང་འཁོད་ཀྱི་གནད་དོན་སྐོར་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་ཀྱི་ཕྱག་རོགས་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་གིས་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༢༣ ཉིན་འགྲེལ་བརྗོད་གནང་བའི་ནང། ཡུ་རོབ་ནང་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེན་པོ་དགོས་ཀྱི་ཡོད་ན། ཡུ་རོབ་སྤྱི་མཐུན་ལྷན་ཚོགས་ཀྱི་སྒྲིག་འཛུགས་ནང་ང་ཚོ་བོད་ཀྱི་གནས་ཚུལ་དེ་དག་ཡར་བསྐྱལ་ཐུབ་པ་དང་འགྲེལ་བཤད་རྒྱག་ཐུབ་པ་བྱས་ཏེ་རྒྱབ་སྐྱོར་འཚོལ་ས་དེ་ནས་འཚོལ་ཐུབ་པ་བྱེད་དགོས་ཀྱི་ཡོད། དེར་བརྟེན་ཡུ་རོབ་སྤྱི་མཐུན་ལྷན་ཚོགས་ཀྱི་སྒྲིག་འཛུགས་ལ་དོ་སྣང་བྱས་ཏེ་སྒྲིག་འཛུགས་དེ་ནས་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་རུ་གཏོང་རྒྱུའི་བསམ་བློ་འཁོར་བ་ཞིག་དང་དོ་སྣང་བྱེད་རྒྱྱུ་དེ་གལ་ཆེན་པོ་ཆགས་ཀྱི་འདུག དེར་བརྟེན་ཡུ་རོབ་ནང་ཡོད་པའི་ན་གཞོན་ཁ་ཤས་ཤིག་ལ་ཡུ་རོབ་གྲོས་ཚོགས་ནང་དུ་ཉམས་མྱོང་གསོག་རྒྱུའི་གོ་སྐབས་ཤིག་སྤྲོད་ཐུབ་ན། བསམ་བློའི་གོ་རྟོགས་ཆེ་རུ་ཕྱིན་ཏེ་ནུས་པ་ཐོན་པའི་ལས་ཀ་ཞིག་བྱེད་ཐུབ་རྒྱུའི་རེ་བ་བརྒྱབ་པ་ཞིག་རེད། སྦར་སིར་ནང་ཡོད་པའི་དོན་གཅོད་ལས་ཁུངས་ནས་ཡུན་རིང་པོ་ཞིག་ནས་འགོ་བཙུགས་ཏེ་ཡུ་རོབ་སྤྱི་མཐུན་ལྷན་ཚོགས་ཀྱི་གྲོས་ཚོགས་ནང་དུ་བོད་དོན་ཐོག་རྒྱབ་སྐྱོར་སེམས་ཁུར་ཆེན་པོ་ཡོད་མཁན་གྲོས་ཚོགས་ཀྱི་ཚོགས་མི་མང་པོ་ཞིག་ལ་འབྲེལ་བ་བྱས་ཏེ། བོད་མི་ཚོས་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་མང་གཙོའི་ལམ་ལུགས་དང་གྲོས་ཚོགས་ཀྱི་ལས་དོན་བྱེད་ཕྱོགས། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་སོགས་ལ་རྒྱབ་སྐྱོར་བྱེད་སྟངས་ཀྱི་གནས་ཚུལ་དེ་དག་ཤེས་ན་ཧ་ཅང་དགེ་མཚན་ཆེན་པོ་འདུག བོད་རིགས་ན་གཞོན་དེ་དག་གིས་ཁོང་རང་ཚོའི་ལས་ཁུངས་ནང་ལས་ཀ་བྱས་ན། གོ་སྐབས་གནང་གི་ཡིན་ཞེས་གྲོས་ཚོགས་ཀྱི་འཐུས་མི་ཁག་གཅིག་གིས་མོས་མཐུན་བྱུང་བ་ཞིག་ཡིན། དེར་བརྟེན་འདི་ལོ་བོད་རིགས་ན་གཞོན་ཁག་གཅིག་ལ་ཡུ་རོབ་གྲོས་ཚོགས་ཀྱི་ལས་ཁུངས་ནང་མཉམ་མྱོང་གསོག་རྒྱུའི་ལས་འགུལ་དབུ་འཛུགས་བྱུང་བ་ཞིག་ཡིན་ཞེས་གསུངས་ཡོད་པ་བཅས། །
ཡུ་རོབ་གྲོས་ཚོགས་ནང་བོད་རིགས་གཞོན་སྐྱེས་གཉིས་ལ་གྲོས་ཚོགས་ཀྱི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཐོག་ཉམས་མྱོང་གསོག་ཆེད་སློབ་སྦྱོང་གི་གོ་སྐབས་གནང་བ།
གསར་གནས།
འབྲེལ་གནས།