༢༠༡༡ ཟླ་ ༣ ཚེས་ ༢༤ རེས་གཟའ་ཕུར་བུ།
༅༅། །ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༢༠ ཉིན་བཙན་བྱོལ་བོད་མི་གནས་ཡུལ་ས་ཕྱོགས་གང་སར་འབྱུང་འགྱུར་བཀའ་ཁྲི་སྐབས་གསུམ་པ་དང་བོད་མི་མང་སྤྱི་འཐུས་སྐབས་བཅོ་ལྔ་པའི་དངོས་གཞིའི་འོས་བསྡུ་ཆེན་མོ་གནང་ཡོད། བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་མཇུག་བསྒྲིལ་རྗེས་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྐུ་ཞབས་ཨི་ཌ་ཝརཌ་མེཀ་མི་ལཱན་སི་ཀོ་ཊི་(Mr. Edward McMillan-Scott )མཆོག་དང། ཡུ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ནང་གསེས་ཚོགས་ཆུང་གི་ཚོགས་ཚོགས་གཙོ་ལྕམ་སྐུ་ཧེ་ཌི་ཧོ་ཊ་ལཱ་(Ms. Heidi Hautala) ལགས་རྣམ་གཉིས་ཀྱིས་གཙོས་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཁག་གཅིག་གིས་སོ་སོའི་འཐུས་ཚབ་རྣམས་རྒྱ་གར་དང་འཛམ་གླིང་གི་ས་ཕྱོགས་གང་སར་བཙན་བྱོལ་བོད་མིའི་འོས་བསྡུའི་ལས་རིམ་ཐོག་རྟོག་ཞིབ་ཆེད་བཏང་ཡོད་པ་རྣམས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད། དེ་ཡང་ཕྱི་ཚེས་ ༢༡ ཉིན་སྐུ་ཞབས་ཨི་ཌ་ཝརཌ་མེཀ་མི་ལཱན་སི་ཀོ་ཊི་མཆོག་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་སྐབས་གསུང་དོན། ཕྱི་ལོ་ ༡༩༦༠ ལོར་བཙན་བྱོལ་བོད་གཞུང་དབུ་བརྙེས་ནས་བཟུང་བོད་མི་ཚོས་རང་དབང་གི་ཐོག་སོ་སོའི་གྲོས་ཚོགས་ཀྱི་འཐུས་མི་འོས་ཤོག་གི་ལམ་ནས་འོས་འདེམས་བྱས་དང་བྱེད་བཞིན་ཡོད། བཙན་བྱོལ་བོད་མིའི་མང་གཙོ་ཚད་ལྡན་དང་ཕྱི་གསལ་ནང་གསལ་ཡོད་པ་དེར་མ་འོངས་པར་རྒྱ་ནག་ནས་མིག་དཔེ་ལེན་དགོས་པ་ཞིག་ཡིན། ཞེས་གསུངས་ཡོད། དེ་བཞིན་ཕྱི་ལོ་ ༡༩༩༦ ལོར་བོད་ནང་ཕེབས་མྱོང་མཁན་སྐུ་ཞབས་ཨི་ཌ་ཝརཌ་མེཀ་མི་ལཱན་མཆོག་གིས་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་དང་རྒྱ་ནག་གི་འབྲེལ་བའི་ཐོག་སྙན་ཐོ་ཞིག་བྲིས་ཡོད་པར་བཙན་བྱོལ་བོད་མིའི་མང་གཙོའི་ལམ་སྲོལ་དེ་ནས་རྒྱ་ནག་གཞུང་གི་སློབ་གསོ་ལེན་དགོས་ཞེས་བཀོད་ཡོད། གཞན་ཡང་ལྕམ་སྐུ་ཧེ་ཌི་ཧོ་ཊ་ལཱ་ལགས་ཀྱིས་གསར་འགོད་གསལ་བསྒྲགས་དེའི་ཐོག་གསུང་དོན། བཙན་བྱོལ་བོད་མིའི་འབྱུང་འགྱུར་བཀའ་ཁྲི་དེས་ཆབ་སྲིད་ཀྱི་འགན་དབང་ཆ་ཚང་བཞེས་པའི་ཐོག་ཕྱག་ལས་གནང་དགོས་ཀྱི་རེད། ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་དང་གཞན་ཡང་རྒྱལ་སྤྱིའི་ངོས་ནས་འབྱུང་འགྱུར་བོད་མིའི་འགོ་ཁྲིད་དེར་རྒྱབ་སྐྱོར་མུ་མཐུད་གནང་དགོས། ད་ནས་བཟུང་གཞུང་གང་ཞིག་གིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང། འབྱུང་འགྱུར་གྱི་བཀའ་ཁྲི་གཉིས་མཇལ་རྒྱུར་ལས་སླ་བ་ཆགས་ངེས་རེད། གང་ཡིན་ཞེ་ན། ཁོང་རྣམ་གཉིས་ཀྱི་འགན་དབང་ཐ་དད་ཆགས་ཡོད། བལ་ཡུལ་ནང་གི་བོད་མི་ཆིག་ཁྲིར་འོས་ཤོག་འཕེན་རྒྱུའི་གོ་སྐབས་ཐོབ་མེད་པར་ང་རང་བློ་འཚབ་ཆེན་པོ་ཡོད། འདི་ནི་བལ་ཡུལ་ནང་མང་གཙོའི་ལམ་སྲོལ་ཐོག་བློ་འཚབ་སྐྱེས་དགོས་པ་ཞིག་དང་རྒྱ་ནག་གིས་བལ་ཡུལ་ལ་གནོན་ཤུགས་སྤྲོད་ཀྱི་ཡོད་པ་དེ་དངོས་གསལ་ཆགས་ཡོད། ངས་བལ་ཡུལ་གཞུང་ལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཁུར་དེ་སྒྲུབ་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་དང། བོད་མིའི་མང་གཙོའི་འཕེལ་རིམ་ཐོག་འགོག་རྐྱེན་མི་བཟོ་བའི་རེ་སྐུལ་ཞུ་རྒྱུ་ཡིན། ཞེས་གསུངས་ཡོད། དེ་བཞིན་ལྕམ་སྐུ་ཧོ་ཊ་ལཱ་ལགས་ཀྱིས་འོས་བསྡུ་ཉིན་མོ་ནས་ཟླ་གཅིག་གོང་བལ་ཡུལ་གཞུང་ལ་བཙན་བྱོལ་བོད་མིའི་འོས་བསྡུ་སྐབས་མཐུན་འགྱུར་གནང་རོགས་ཞེས་བསྐུལ་མ་ཡང་གནང་ཡོད་པ་བཅས།།