༢༠༡༡ ཟླ་ ༣ ཚེས་ ༡༨ རེས་གཟའ་པ་སངས།
༅༅། །ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༦ ཉིན་བྷེལ་འཇམ་གྱི་རགཡལ་ས་སྦར་སིལ་(Brussels) ནང་གི་ཡུ་རོབ་གྲོས་ཚོགས་ཀྱིས་བོད་མིས་རང་དབང་སྒེར་ལངས་བྱས་ནས་ལོ་ ༥༢ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པ། དེ་ཡང་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཞོན་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་འགན་ཁུར་བ་སྐུ་ཞབས་ཨི་ཌི་ཝརཌ་མེཀ་མི་ལན་ (Mr Edward McMillan-Scott)མཆོག་དང་། ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་མི་ལྕམ་སྐུ་ཀི་རིས་ཊི་ན་ཨོ་ཇུ་ལེནཌ་(Ms Kristiina Ojuland) ལགས་རྣམ་གཉིས་ཀྱིས་བོད་མིས་རང་དབང་སྒེར་ལངས་བྱས་ནས་ལོ་ ༥༢། བོད་རྒྱ་གཞི་མཐུན་བྱུང་སྲིད་དམ། (“52 Years since the Tibetan Uprising: Common Ground for Tibet and China?”) ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་ཞིག་སྐོང་ཚོགས་གནང་ཡོད། ཚོགས་འདུའི་ཐོག་གཙོ་བོ་བོད་རྒྱའི་དཀའ་རྙོག་སེལ་ཐབས་དང་གནད་དོན་དེའི་གལ་གནད་སྐོར། དེ་བཞིན་ཉེ་ལམ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་གསུང་འཕྲིན་སྐོར་ཡང་གླེང་ཡོད། སྐབས་དེར་སྐུ་ཞབས་ཨི་ཌི་ཝརཌ་མེཀ་མི་ལན་ལགས་ཀྱིས་གསུང་དོན། ང་ཚོ་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ངོས་ནས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་དང་མང་གཙོ་འགོག་ཐབས་ཀྱི་བྱ་སྤྱོད་སྤེལ་བཞིན་པ་དེ་དག་ལ་སྣང་མེད་གཏོང་རྒྱུ་མེད། ཡུ་རོབ་སྤྱི་མཐུན་འཛུགས་དགོས་དོན་ནི་འགྲོ་བ་མིའི་ཐོབ་ཐང་དང། མང་གཙོ། ཁྲིམས་ཀྱི་སྒྲིག་གཞི་བཅས་རྩ་འཛིན་ཞུ་རྒྱུར་བཙུགས་པ་ཞིག་ཡིན་སྟབས་བོད་ནང་གི་བོད་མི་ཚོར་རྡུང་རྡེག་གཏོང་བ་དང། སོ་སོའི་ཕ་མེས་ནས་ཡོད་པའི་གོམས་གཤིས་ཀྱི་ཐོག་མི་ཚེ་སྐྱེལ་ཐབས་བྱས་པ་དེར་ནག་ཉེས་སུ་རྩིས་ཏེ་བཙོན་འཇུག་དང་མནར་གཅོད་བཏང་དང་གཏོང་བཞིན་པ་དེ་མཚམས་འཇོག་ཡོང་བར་ང་ཚོས་མཉམ་རུབ་ཐོག་ལས་དོན་སྤེལ་དགོས་པ་དེ་ང་ཚོའི་ལས་འགན་རེད། ཅེས་གསུངས་ཡོད། དེ་བཞིན་ལྕམ་སྐུ་ཀི་རིས་ཊི་ན་ཨོ་ཇུ་ལེནཌ་ལགས་ཀྱིས་གསུང་དོན། ང་ཚོས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐུ་ཚབ་ཚོ་དང་ལྷན་ཐུག་འཕྲད་བྱེད་རྒྱུའི་གོ་སྐབས་ནམ་བྱུང་ལ་བོད་ཀྱི་གནད་དོན་གླེང་སློང་བྱེད་དགོས་སྐོར་ནན་པོ་གསུངས་གནང་ཡོད་པ་མ་ཟད། དེ་བཞིན་ཁོང་གིས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ངོས་ནས་རྒྱལ་ནང་གི་གྲངས་ཉུང་མི་རིགས་ཚོར་རང་སྐྱོང་གི་དབང་ཚད་ཡོད་པའི་ཐོག་ནས་རྩ་ཁྲིམས་ལག་བསྟར་བྱེད་དགོས་ལུགས་ནན་སྐུལ་བྱེད་དགོས། ཞེས་གསུངས་ཡོད། གཞན་ཡང་༸གོང་ས་མཆོག་གི་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་གིས་ཡུ་རོབ་ཀྱི་གྲོས་ཚོགས་ལ་ཁོང་ཚོའི་སྐུ་ཚབ་བོད་ནང་གཏོང་གནང་ཡོང་བའི་འབོད་སྐུལ་ཞུས་པ་དང་ཆབས་ཅིག་གྲོས་ཚོགས་ཀྱི་ཚོགས་མི་དང། རྒྱལ་སྤྱིའི་ལྟ་ཞིབ་པ། གསར་འགོད་པ་སོགས་བོད་ནང་སླེབས་འགོ་བཙུགས་ཚེ་བོད་ནང་གི་བོད་མི་ཚོར་རྒྱ་ནག་གིས་བྱ་སྤྱོད་བཟང་དུ་འགྲོ་རྒྱུར་ཕན་ཐོགས་ཡོད། དེ་བཞིན་རྒྱལ་སྤྱིའི་ལྟ་ཞིབ་པ་ཚོ་རྒྱུན་མཐུད་དེ་བོད་ནང་གནས་ཚེ་རྒྱ་ནག་གཞུང་འཛིན་པ་ཚོ་དེ་བས་ཀྱང་གཟབ་གཟབ་བྱེད་ཀྱི་རེད་ཅེས་གསུངས་ཡོད་པ་བཅས།།
བྷེལ་འཇམ་གྱི་རྒྱལ་ས་སྦར་སིལ་ནང་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུས་པ།
གསར་གནས།
འབྲེལ་གནས།