༢༠༡༡ ཟླ་ ༣ ཚེས་ ༢༢ རེས་གཟའ་མིག་དམར།
༄༅། །འདི་གར་བོད་གཞུང་ཨ་རི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༣ ཚེས་ ༢༠ ཉིན་བྱང་ཨ་རིར་གནས་སྡོད་བོད་མི་ཚོས་སྔ་དྲོའི་ཚུ་ཚོད་ ༩ པའི་ཐོག་མང་གཙོའི་ཁེ་དབང་བཟང་པོ་ལོངས་སུ་སྤྱད་དེ་བོད་མི་མང་སྤྱི་འཐུས་སྐབས་ ༡༥ པ་དང་། བཀའ་བློན་ཁྲི་པ་སྐབས་ ༣ པའི་དངོས་གཞིའི་འོས་ཤོག་འཕེན་ཡོད། བྱང་ཨ་རིའི་ས་གནས་འོས་བསྡུའི་འགན་འཛིན་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་ནས། བྱང་ཨ་རིའི་ཁྱབ་ཁོངས་ནང་དེབ་སྐྱེལ་བྱེད་མཁན་བོད་མི་གྲངས་ ༧༢༦༡ བྱུང་ཡོད་པ་དང་། འོས་ཤོག་བསྡུ་ཡུལ་ས་གནས་ ༣༤ ཡོད་པ་དེ་
དག་ཁྲོད་ནས་མི་འབོར་མང་ཤོས་ནི་ས་གནས་ནིའུ་ཡོཀ་དང་། ནིའུ་འཇར་སི་ཆགས་ཀྱི་ཡོད་ཅེས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་འགྲེལ་བརྗོད་གནང་ཡོད། ནིའུ་ཡོཀ་དང་། ནིའུ་འཇར་སི་ས་གནས་གཅིག་པུར་ཆ་བཞག་ན་དེབ་སྐྱེལ་བྱེད་མཁན་ ༢༡༩༣ བྱུང་ཡོད་པ་དང་། ཕྱི་ཚེས་ ༢༠ ཉིན་འོས་འཕེན་པར་ཡོང་མཁན་ ༡༥༧༠ བྱུང་ཡོད་པས། བྱང་ཨ་རིའི་ནང་ནས་ནིའུ་ཡོཀ་དང་ནིའུ་འཇར་སིའི་ས་གནས་བོད་མི་འོས་ཤོག་འཕེན་པར་ཡོང་མཁན་གྱི་བརྒྱ་ཆ་ ༧༢ ཟིན་གྱི་ཡོད། དེ་ནི་འདས་པའི་འོས་བསྡུ་སྐབས་གང་ཞིག་ལས་ཀྱང་བརྒྱ་ཆ་མཐོ་བ་བྱུང་ཡོད། དེའི་ཐོག་ནས་རྒྱ་ཆེའི་མང་ཚོགས་ཀྱིས་དོ་སྣང་དང་། འགན་ཁུར་བྱེད་ཤུགས་ཆེ་རུ་ཕྱིན་ཡོད་པ་གསལ་པོ་མཚོན་གྱི་ཡོད། བྱང་ཨ་རིའི་ས་གནས་ཚང་མར་འོས་བསྡུའི་ལས་རིམ་ཚགས་ཚུད་ལམ་ལྷོང་བྱུང་ཡོད་པ་དང་། ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་རེ་ཞིག་མཇུག་སྒྲིལ་ནས། ཕྱི་ཚེས་ ༢༡ དང་ཚེས་ ༢༢ ཉིན་ས་གནས་ཚང་མའི་འོས་སྒམ་སྐུ་ཚབ་དོན་གཅོད་ལས་ཁུངས་སུ་འབྱོར་དང་འབྱོར་བཞིན་ཡོད་པ་དང་། ཚེས་ ༢༣ ཉིན་བྱང་ཨ་རིའི་ས་གནས་འོས་བསྡུའི་ཚོགས་མི་ལྷན་འཛོམས་ཐོག་འོས་ཤོག་གྲངས་བཤེར་གནང་རྒྱུ་དང་། དེ་ནས་གྲངས་བཤེར་བྱས་པའི་ཕྱོགས་བསྡོམས་ཐོ་གཞུང་རྣམས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་དོན་ལྟར་བཞུགས་སྒར་དུ་དབུས་འོས་བསྡུ་ལས་ཁུངས་སུ་གཏོང་རྒྱུ་ཡིན་འདུག་པ་བཅས།།