༄༅། །བོད་རྒྱལ་ལོ་ ༢༡༣༨ ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༥ ཉིན་རབ་བྱུང་རི་ཟླ་ལྕགས་ཡོས་གནམ་ལོའི་རང་ཞལ་གསར་དུ་བཞད་པའི་རྟེན་འབྱུང་ཉིན་དང་པོའི་སྔ་དྲོ་ཆུ་ཚོད་ ༧ པའི་ཐོག་གཙུག་ལག་ཁང་གི་ཡང་སྟེང་དུ་དཔལ་ལྡན་འདོད་ཁམས་དབང་ཕྱུག་མའི་ཚེས་གཏོར་རྟེན་འབུལ་དངོས་གཞིའི་ཐོག་མར་སྐུ་བཅར་རྣམ་གྲྭ་མཁན་རིན་པོ་ཆེ་མཆོག་གིས་བདག་ཅག་ཁ་བ་རི་པ་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་འཕགས་མཆོག་འཇིག་རྟེན་མགོན་པོ། འགྲོ་བ་ལྷ་དང་བཅས་པའི་མ་འདྲིས་པའི་མཛའ་བཤེས་ཆེན་པོ། ས་སྟེང་༸རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཇིག་རྟེན་ཞི་བདེའི་དེད་དཔོན། གཞིས་བྱེས་བོད་མིའི་བླ་ན་མ་མཆིས་པའི་ཆོས་སྲིད་གཉིས་ཀྱི་རླབས་ཆེན་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་གི་བཞུགས་ཁྲི་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་ལྷ་མོའི་གསུང་བསྐང་བཀའ་དྲིན་ཆེ་བ་སྐྱོང་སྐབས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་སོགས་ཆེད་བཅར་གནང་ཡོད།
དེ་ནས་ཆུ་ཚོད་ ༩ པར་མཛད་བཅར་བ་རྣམས་གདན་འཛོམས་ཐོག་སྐུ་བཅར་རྣམ་གྲྭའི་གསུང་ཞབས་རྣམས་ནས་ཞལ་འདོན་ཚིག་མཚམས་སོ་སོར་རྣམ་གྲྭ་མཁན་རིན་པོ་ཆེ་མཆོག་གིས་༸རྒྱལ་བའི་བཞུགས་ཁྲི་རིན་པོ་ཆེར་བཀྲ་ཤིས་རྟགས་བརྒྱད་དང་། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྫས་བརྒྱད་བཅས་རིམ་འབུལ་གྱིས་ཤིས་བརྗོད་དང་བཅས་པ་ལེགས་པར་གྲུབ་མཚམས་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག བཀའ་བློན་ཁྲི་ཚབ་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་བཅས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་བསྟུན་ཚོགས་ལངས་པ་གཉིས་ནས་ཆོས་ཀྱི་བགྲོ་གླེང་གནང་། དེ་རྗེས་གསོལ་ཇ་དང་པོ་དང་། འབྲས་སིལ་འདེགས་འབུལ་དང་འབྲེལ་བོད་ཀྱི་ཟློས་གར་བས་གར་གླུ་ཕུལ་ཏེ་སླར་ཡང་བགྲོ་གླེང་དབུ་ཚུགས་དང་འབྲེལ་གསོལ་ཇ་གཉིས་པ་ཕུལ། དེ་ནས་བགྲོ་གླེང་པས་ཚིག་བཀྲ་བཅད་དེ་བཞུགས་ཁྲི་རིན་པོ་ཆེར་མཇལ་དར་ཕུལ་བ་དང་ཆབས་ཅིག་ཕྱག་སྲུང་གནང། མཐར་ཀ་ཁྲི་སྒྲོག་སྟེ་ལོ་གསར་ཚེས་ ༡ གི་མཛད་སྟོན་གྲོལ།
ཐེངས་འདིའི་གནམ་ལོ་གསར་ཚེས་ཀྱི་དགའ་སྟོན་མཛད་སྒོར་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང། བཀའ་བློན་ཟུར་པ་རྣམ་པ། ཁྲིམས་ཞིབ་པ་ཟུར་པ། ཡབ་གཞིས་སྐུ་འཁོར་རྣམ་པ། འོས་བསྡུ་ལྷན་ཁང་། གཞུང་ཞབས་འདེམས་ལྷན། སྤྱི་ཁྱབ་རྩིས་ཞིབ་ཁང་བཅས་ཀྱི་འགན་འཛིན་ལས་ཟུར་རྣམ་པ། ཆོས་ལུགས་ཆོལ་གསུམ་དང་བཅས་པའི་སྤྱི་འཐུས་ལས་ཟུར་རྣམ་པ། གཞུང་འབྲེལ་སྐུ་བསྟེན་རྣམ་པ། སྐུ་སྒེར་དྲུང་ཆེ་རྣམ་པ། དྲུང་ཆེ་ལས་ཟུར་རྣམ་པ། དེ་བཞིན་སྨན་རྩིས་ཁང་དང་། དཔེ་མཛོད། ཟློས་གར། བདེ་སྲུང་ཉམས་ཞིབ། བདེ་ལེགས་སྨན་ཁང་བཅས་ཀྱི་འགན་འཛིན་རྣམ་པ། གཞུང་ཞབས་ལས་བྱ་ཡན་གྱི་ལས་ཟུར་རྣམ་པ། ༸སྐུའི་བླ་སྨན་ཞབས་ཞུ་བ་རྣམ་པ། རྣམ་གྲྭ་དང་། གནས་དགའི་དགེ་འདུན་རྣམ་པ། རྡ་ས་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ། ཕྱོགས་མཚུངས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འགན་འཛིན་སོགས་ནས་རང་རང་སོ་སོར་བཞུགས་གནས་ཆ་བགོས་གནང་བ་ལྟར་ལྷན་ཞུགས་གནང་ཡོད་པ་བཅས། །
བོད་རྒྱལ་ལོ་ ༢༡༣༨ རབ་བྱུང་ ༡༧ ལྕགས་ཡོས་ལོའི་དགུང་གསར་གྱི་མཛད་སྒོ་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཡང་ཐོག་ཏུ་སྲུང་བརྩི་ཞུས་པ།
གསར་གནས།
འབྲེལ་གནས།