༢༠༡༡ ཟླ་ ༣ ཚེས་ ༢༥ རེས་གཟའ་པ་སངས།
༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༢༤ ནས་ ༢༩ བར་ཉིན་གྲངས་དྲུག་རིང་གཞི་རིམ་བར་མའི་སྤྱི་ཚོགས་ཚན་རིག་བོད་སྐད་བརྒྱུད་ལམ་ནས་སློབ་ཁྲིད་གནང་ཐབས་ཀྱི་ཟབ་སྦྱོང་དེ་བཞིན་ཕྱི་ཚེས་ཉིན་གྱི་སྔ་དྲོ་ས་རཱ་མཐོ་རིམ་སློབ་གཉེར་ཁང་དུ་བོད་གཞུང་ཤེས་རིག་ལས་ཁུངས་ནས་གོ་སྒྲིག་ཐོག་འགོ་འཛུགས་གནང་ཡོད།
དེ་ཡང་ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་སམ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་ལགས་དང་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས། དེ་བཞིན་ཤེས་རིག་གི་ཤེས་ཡོན་འགན་འཛིན། དྲུང་ལས་བཅས་ཆེད་ཕེབས་གནང་ཡོད་པ་དང་། ཟབ་སྦྱོང་ནང་སམ་བྷོ་ཊ་དང་བོད་ཁྱིམ་གཉིས་ནས་དགེ་རྒན་གྲངས་ ༢༠ ཐམ་པ་མཉམ་ཞུགས་གནང་ཡོད་པ་རེད། ཟབ་སྦྱོང་ནང་གཞི་རིམ་བར་མའི་སྤྱི་ཚོགས་ཚན་རིག་བསླབ་གཞི་རྩ་འཛིན་ལྟར་རྩོམ་སྒྲིག་ཞུས་པའི་འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་དང་བོད་ཀྱི་རྒྱལ་རབས། སྲིད་དོན་ཚན་རིག་བཅས་སློབ་ཁྲིད་གནང་ཐབས། ཞིབ་འཇུག་གནང་ཐབས་བཅས་ཀྱི་སློབ་ཁྲིད་གནང་གཏན་འཁེལ་ཡོད་པ་ལྟར། དབུས་བོད་སློབ་འཛིན་ཚོགས་ཀྱི་སྤྱི་ཚོགས་ཚན་རིག་གི་ཤེས་ཡོན་འགན་འཛིན་ཨེ། ཨེས། རཝཌ་ལགས་ནས་ས་ཁམས་རིག་པ་དང་རྒྱལ་རབས། སྲིད་དོན་ཚན་རིག་བཅས་ཀྱི་ཁྲིད་ཐབས་དང་། ས་རཱ་མཐོ་སློབ་ཀྱི་རྒྱལ་རབས་སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས་དང་ནོར་གླིང་ཞིབ་འཇུག་ལྟེ་གནས་འགན་འཛིན་རྡོ་རྗེ་དབང་ཕྱུག་ལགས་གཉིས་ནས་རྒྱལ་རབས་ཁྲིད་ཐབས། སྤྱི་འཐུས་པདྨ་འབྱུང་གནས་ལགས་ནས་བཙན་བྱོལ་བོད་མིའི་ཆབ་སྲིད་ངོ་སྤྲོད་ཁྲིད་ཐབས་དང་། ཤེས་རིག་སྤྱི་ཚོགས་ཚན་རིག་གི་སློབ་དེབ་རྩོམ་སྒྲིག་པ་བསོད་ནམས་བཟང་པོ་དང་བྷུ་ངྷ་སྐྱབས་གཉིས་ནས་ས་ཁམས་རིག་པ་བཅས་སློབ་ཁྲིད་གནང་གཏན་འཁེལ་ཡོད་པ་མ་ཟད། ཟབ་སྦྱོང་པ་རྣམས་ནས་དཔེ་སྟོན་སློབ་གྲྭར་ལྟ་སྐོར་ཡང་གནང་གཏན་འཁེལ་འདུག་པ་བཅས། །
གཞི་རིམ་བར་མའི་སྤྱི་ཚོགས་ཚན་རིག་བོད་སྐད་བརྒྱུད་ལམ་ནས་སློབ་ཁྲིད་གནང་ཐབས་ཀྱི་ཟབ་སྦྱོང་དབུ་འཛུགས་གནང་བ།
གསར་གནས།

འབྲེལ་གནས།
