༢༠༡༡ ཟླ་ ༣ ཚེས་ ༢༣ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༢༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་གཞུང་སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་གྱི་མཛད་མགོན་དུ་ཆིབས་སྒྱུར་བསྐྱངས་ཏེ་བཀའ་སློབ་སྩལ་དོན། དེ་རིང་འདིར་ཆེད་དུ་གཉེར་ནས་ཕེབས་པའི་མངའ་སྡེའི་འཕྲོད་བསྟེན་བློན་ཆེན་མཆོག་དང་ང་ཚོའི་གྲོགས་པོ་གང་ཙམ་ཞིག་ཕེབས་འདུག དེ་བཞིན་སྨན་པ་རྣམས་དང་གཙོ་བོ་འདི་ག་སྨན་རྩིས་ཁང་གི་འགོ་འཛིན་དང་དགེ་སློབ། ལས་བྱེད་ཁྱེད་རྣམས་ལ་བརྗོད་རྒྱུར། དེ་རིང་འདིར་ལོ་ལྔ་བཅུའི་དུས་ཆེན་སྲུང་བརྩི་ཞུ་གི་ཡོད། ད་ལྟ་འདི་གར་ལས་བསྡོམས་ནས་བཀོད་ཡོད་པ་ལྟར་འདས་པའི་ལོ་ལྔ་བཅུ་ཕྱིན་པ་དེའི་རིང་ལ་གང་ལ་གང་ཙམ་གྱི་གྲུབ་འབྲས་ཐོན་ཡོད་པ་དེ་ཧ་ཅང་གསལ་པོ་རེད། ང་ཚོ་ཚང་མའི་མཐོང་ཆོས་སུ་ཡོད་པ་རེད། ང་ཚོར་གྲུབ་འབྲས་གང་ཙམ་ཞིག་ཐོན་ཡོད་པ་དེར་ཆོག་ཤེས་བྱས་ཏེ་འགྲིག་ཡོད་བསམ་ནས་སྡོད་རྒྱུ་དེ་ཡར་རྒྱས་འགྲོ་རྒྱུའི་འགོག་རྐྱེན་གཙོ་བོ་རེད། ཆོས་ཉམས་ལེན་བྱེད་མཁན་ཞིག་ཡིན་ནའང། དཔེར་ན། ངོས་རང་ལ་ཆ་མཚོན་ན་ཆོས་ཉམས་ལེན་བྱས་ནས་ཕྲན་བུའི་གོ་རྟོགས་ཡག་ཏུ་ཕྱིན་པ་དེར་ཆོག་ཤེས་བྱས་ནས་བསྡད་ན། ས་ལམ་གྱི་རྟོགས་པ་བསྐྱེད་རྒྱུ་མེད་པ་དེ་གསལ་པོ་རེད། དེ་བཞིན་ང་ཚོས་ལས་ཀ་གང་འདྲ་ཞིག་ཡིན་ནའང་། ཆོག་ཤེས་བྱས་ནས་བསྡད་ན། ཡར་རྒྱས་འགྲོ་ཐབས་མེད། གདན་ས་ཁག་ལ་ཆ་བཞག་ན། ངོས་ཀྱིས་རྟག་པར་ཤོད་ཀྱི་ཡོད། ང་ཚོ་འདས་པའི་ལོ་ཧ་ལམ་བརྒྱ་ཕྲག་ཁ་ཤས་རིང་ལ་ནམ་རྒྱུན་ང་རང་ཚོས་རྩོད་བཞིན་པའི་འགྲོ་སྟངས་དེ་གཅིག་པུར་བསྐོར་བ་བརྒྱབ་ནས་བསྡད་ན་ཡར་རྒྱས་འགྲོ་གི་མ་རེད། ང་ཚོས་རིགས་ལམ་གྱི་གཞུང་ཆེན་བལྟས་སྡོད་རྒྱུ་དེ་དག་སོ་སོའི་རིགས་ལམ་གྱི་འགྲོ་སྟངས་དེ་འཁྱེར་ནས་སློབ་ཚན་གཞན་དག་ནང་རིགས་ལམ་དེས་དཔྱད་པ་བྱྱེད་རྒྱུ་ཞིག་དང་གང་ལྟར་བློ་གྲོས་རྒྱ་བསྐྱེད་དགོས་པ་རེད། གདན་ས་ཁག་ནང་ལ་ཡིན་ནའང་ཚན་རིག་བསླབ་དགོས་རེད་ཅེས་ཤོད་ཀྱི་ཡོད། སངས་རྒྱས་ཀྱི་གོ་འཕང་ཐོབ་པར་ད་ལྟ་ང་ཚོའི་གཞུང་ཆེན་ཡོད་པ་དེ་དག་གིས་འདང་གི་མི་འདུག་བརྗོད་ཀྱི་མེད། ང་ཚོས་ཡར་རྒྱས་གཏོང་དགོས་ཀྱི་ཡོད། ཤེས་བྱ་མཐའ་དག་ཤེས་པ་ཞིག་དགོས་ཀྱི་ཡོད། དེར་བརྟེན་ང་ཚོས་དེ་སྔ་དེའི་ཚེ་དེའི་དུས་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་ཞེས་བརྗོད་སྐབས་ཧ་ལམ་རིག་གནས་ཆ་ཚང་ཚང་བ་ལྟ་བུ་ཡིན། དེ་རིང་ཁ་སང་གི་དུས་ཚོད་ལ་རིག་གནས་གསར་པ་དེ་འདྲ་ཐོན་པ་དེ་དག་ཤེས་དགོས་ཀྱི་ཡོད། དེ་དག་རྟོགས་དགོས་ཀྱི་ཡོད། དེར་བརྟེན་གདན་ས་ཚོར་ཆ་བཞག་ན། ལོ་བརྒྱ་ཕྲག་གོང་ནས་གོམས་གཤིས་ཡོད་པ་དེ་དག་ལ་ཆོག་ཤེས་བྱས་ནས་བསྡད་ན་འགྲིག་གི་མི་འདུག་ཅེས་འབོད་སྐུལ་བྱེད་ཀྱི་ཡོད། ཁྱེད་རང་ཚོ་འདི་གར་ཆ་བཞན་ནའང་དེ་དེ་བཞིན་རེད། སྨན་པ་བྱེད་མཁན་སྒེར་པ་སོ་སོར་ཆ་བཞག་ནའང། གང་ལ་གང་ཙམ་ཤེས་པ་དེ། ངོས་ཀྱིས་རྩེད་མོ་རྩེས་ནས་ཤོད་ཀྱི་ཡོད། ཚ་གྲང་གི་དབྱེ་བ་ཕྱེ་ཤེས་པ་ཙམ་གྱི་དེ་ལ་ཚ་བའི་ན་ཚ་འདུག་ཅེས་བསིལ་སྨན་ཏོག་ཙམ་སྤྲད། དེ་ལ་གྲང་བའི་ན་ཚ་འདུག་ཅེས་དྲོད་སྨན་ཏོག་ཙམ་སྤྲད་པ་དེས་འདང་གི་མེད། གཞུང་ནས་གང་ཙམ་ཞིག་བཤད་དེ་ཡོད་པ་དེ་དག་སོ་སོའི་ཉམས་མྱོང་དང་འབྲེལ་དགོས། སྔོན་མ་ཡེ་ཤེས་དོན་ལྡན་ལགས་ནས་ཟེར་གྱི་ཡོད། བོད་ས་མཐོའི་གནམ་གཤིས་གྲང་མོའི་ནང་བཟའ་རྒྱུའི་སྨན་རིགས་ཁ་ཤས་རྒྱ་གར་ཚ་བའི་ལུང་པའི་ནང་མ་འཕྲོད་པ་ཡོང་གི་རེད་ཅེས་ཤོད་ཀྱི་ཡོད། དེ་ཚོ་བདེན་པ་རེད། ཡུལ་གྱི་གནས་སྟངས་འགྱུར་བ་འགྲོ་སྐབས་དེ་སྔ་བོད་ལ་ཡོད་པ་དེ་ཁོ་ནའི་ཐོག་ཕྱིན་ན། རན་དང་མ་རན་སྐད་ཆའི་ཐོག་ནས་ཤོད་རྒྱུ་མེད། འོན་ཀྱང་ཉམས་མྱོང་བསགས་པའི་ཐོག་ནས་ལག་ལེན་གང་འདྲ་བྱེད་དགོས་ཀྱི་ཡོད་མེད་དེ་དག་མུ་མཐུད་ནས་ཡར་རྒྱས་གཏོང་དགོས་པ་ཞིག་ཡིན། དེར་བརྟེན་སྔོན་ལ་ཁྱེད་རང་ཚོས་ང་ཚོ་བོད་ཀྱི་གསོ་བ་རིག་པ་རང་ཉིད་ཐོག་ནས་སོ་སོས་སློབ་སྦྱོང་བྱས་ནས་གཞི་རྩ་ཡོད་པ་ཚོས་ཉམས་མྱོང་དེ་དག་ཕྱོགས་བསྡོམས་བྱས་ཏེ་དུས་དུས་ལ་ཉམས་མྱོང་དམིགས་བསལ་བྱུང་བ་དེ་འདྲ། ས་གནས་འདྲ་མིན་འདྲ་དང་ཡན་ལག་འདྲ་མིན་ཡོད་པ་དེ་དག་ནང་ལ་ནད་མི་འདྲ་བ་བྱུང་བ་དང་འཕྲད་སྐབས་སྨན་འདི་བཏང་ནས་ཕན་སོང། སྨན་འདི་འཕྲོད་ཀྱི་མི་འདུག་ཅེས་པ་དེ་དག་ཡིག་ཐོག་ཕབ་ཐུབ་པ་ཞིག་དང་། དེ་དག་སོ་སོ་གཅིག་པུས་ཤེས་པས་འགྲིག་གི་མེད། ང་ཚོ་འདིར་སྒྲིག་འཛུགས་ཤིག་ཆགས་ཡོད། ཆེ་ས་ནས་བཤད་ན། བོད་ཀྱི་གསོ་བ་རིག་པའི་རིག་གཞུང་ཆེན་པོ་ཞིག་ཆགས་ཡོད། དེར་བརྟེན་དེའི་ཞབས་འདེགས་ལ་འགྲོ་རྒྱུར་སོ་སོ་རང་ཉིད་ལ་ཉམས་མྱོང་གང་ཙམ་ཞིག་དང་ཕྲན་བུའི་གོ་རྟོགས་གསར་པ་ཞིག་བྱུང་ན། དེ་ཁྱེད་རང་ཚོས་སྒྲིག་འཛུགས་སྤྱི་ལ་ཕན་པ་ཞིག་དང་བགོ་བཤའ་རྒྱག་རྒྱུ་དེ་གལ་ཆེན་པོ་ཆགས་ཡོད། དེ་བརྗོད་འདོད་བྱུང། འཆར་ཅན་གྱི་ཆོག་ཤེས་བྱས་ནས་སྡོད་མི་རུང་། སྔོན་མ་ངོས་ཀྱི་རྟ་མགྲིན་ལ་རྩེད་མོ་རྩེས་ནས་བརྗོད་མྱོང། འཆམ་པ་ན་ན་སྤང་རྒྱན་བཅོ་ལྔ་དང་གློ་བརྒྱབ་ཀྱང་སྤང་རྒྱན་བཅོ་ལྔ། ག་རེ་ན་ཡང་སྤང་རྒྱན་བཅོ་ལྔ་ཡིན་པ། ངོས་ཀྱིས་རྩེད་མོ་རྩེས་ནས་ཤོད་ཀྱི་ཡོད། དེར་བརྟེན་སྔོན་མ་དགེ་དར་ལགས་ཀྱིས་བཤད་པ་རེད། དེ་དུས་ཨེམ་ཆི་ལགས་ཀྱིས་མང་སྦྱོར་བཟོས་མ་ཐག་རེད། འཆམ་པ་ན་ཡང་མང་སྦྱོར་དང་གློ་བརྒྱབ་ཀྱང་མང་སྦྱོར་ཞེས་དེ་དུས་བཤད་པ་རེད། དེ་ལྟ་བུ་མིན་པར། གང་ལྟར་སྨན་སྣ་ཧ་ཅང་མང་པོ་ཡོད། དེ་རིང་ཁ་སང་དེ་འདྲ་གོ་རྒྱུ་འདུག ན་ཚ་དེར་སྨན་འདི་འདྲ་ཞིག་དགོས་ཀྱི་ཡོད། འོན་ཀྱང་སྨན་རྩིས་ཁང་ལ་སྨན་དེ་མེད་པ་རེད། ཅེས་ཤོད་ཀྱི་འདུག བསམ་བློ་བཏང་ན་དེ་ཞབས་འདྲེན་ཡིན། སྨན་འདང་ངེས་ཤིགག་དགོས་ཀྱི་ཡོད། སྨན་སྣ་དཔེ་ཆའི་ནང་བཤད་ཡོད་པ་དེ་དག་གཞི་ལ་བཞག་སྟེ་ཉམས་མྱོང་གསག་པའི་ཐོག་ནས་སྨན་གྱི་སྦྱོར་བ་ཕྲན་བུ་འདྲ་མིན་དེ་འདྲ་ཚོད་ལྟ་བྱེད་ཀྱིན་བྱེད་ཀྱིན་བྱེད་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དེ་གཅིག་བརྗོད་འདོད་བྱུང་།
དེ་ནས་ངོས་ཀྱིས་ནམ་རྒྱུན་གྲྭ་ས་ཁག་ལ་ཤོད་ཀྱི་ཡོད། དེ་སྔ་ཡིན་ན། མུ་སྟེགས་པའི་ལྟ་གྲུབ་དེ་ཚོའི་གྲས་དེ་ང་ཚོའི་དཔེ་ཆ་བསྒྱུར་ཡོད་པ་དེ་དག་ནང་གསལ་ཡོད་པ་དེ་ཁོ་ནའི་ཐོག་ལ་སློབ་སྦྱོང་བྱེད་ཀྱི་ཡོད། ད་ཆ་ང་ཚོ་མུ་སྟེགས་པའི་ལུང་པར་བསླེབས་ཡོད། དེར་བརྟེན་མུ་སྟེགས་པའི་མཁས་པ་ཚོ་གདན་འདྲེན་ཞུས་ཏེ། དཔེ་ཆའི་ནང་སྔས་བཅོལ་མི་དགོས་པར་མུ་སྟེགས་པའི་ལྟ་གྲུབ་འཛིན་མཁན་གྱི་མཁས་པ་མི་གསོན་པོ་ཡོད་སྟབས། དེ་དག་མཉམ་དུ་ང་ཚོས་བགྲོ་གླེང་བྱེད་རྒྱུ་དང་དེ་ཚོའི་དྲུང་ནས་མུ་སྟེགས་པའི་ལྟ་གྲུབ་ཀྱི་གནད་འགག་བསམ་བློ་གཏོང་རྒྱུ་དེ་ཚོའི་གྲས་དེ་བསླབ་དགོས་ཀྱི་རེད་ཅེས་བརྗོད་ཀྱི་ཡོད། འདི་གར་གསོ་བ་རིག་པར་ཆ་བཞག་ན། (Ayurvedic)ང་ཚོའི་ཁུངས་བཅོལ་ས་ཞིག་ཆགས་ཡོད། དེ་བཞིན་(Unani)ཞེས་པ་དེ་ལའང་འབྲེལ་བ་ཞིག་ཡོད། ང་ཚོ་རྒྱ་གར་ལ་མིང་ཙམ་གྱི་ཀླུ་སྒྲུབ་ལ་སོགས་པས་མཛད་པ་གཅིག་པུ་མིན་པར་ད་ལྟ་འདིར་ལག་ལེན་སྐྱེལ་མཁན་དང་ཉམས་མྱོང་ཡོད་མཁན་མང་དག་ཅིག་ཡོང་གི་ཡོད། གསོ་བ་རིག་པ་ཞེས་བརྗོད་སྐབས་དེང་དུས་ཀྱི་(Ayurvedic Medicine) དེ་དག་ཀྱང་གསོ་བ་རིག་པ་འཛམ་གླིང་ཀུན་ལ་དར་ཡོད་པ་གལ་ཆེན་པོ་ཞིག་ཆགས་ཡོད། དེ་ཕྱི་ལུགས་ཀྱི་སྨན་རེད་ཅེས་ཕར་འཇོག་རྒྱུ་མ་རེད། དེ་དག་ད་ལྟ་བོད་སྨན་དང་རྒྱ་སྨན་ཟུང་འབྲེལ་ཐོག་གཏོང་གི་ཡོད་པ་དེ་འདྲ་ཡོང་གི་ཡོད། དེ་ཚོའི་གྲས་དེ་ང་ཚོས་ཡར་རྒྱས་བཏང་། ང་རང་ཚོས་ཟུར་དུ་འཛུགས་ཐུབ་ན་ཡག་པོ་རེད། ལྡི་ལིར་སྨན་ཁང་ཁ་ཤས་ཀྱིས་དེང་དུས་ཀྱི་སྨན་སྤྲད་དེ་ན་ཚ་མ་འཇོམས་པ་དེ་འདྲ་ལ་ཨེམ་ཆིས་བོད་སྨན་ཟོས་ཞེས་པ་དེ་འདྲ་ཡོང་གི་འདུག དེ་ཚོའི་གྲས་དེ་རིམ་པས་སྨན་ཁང་ཆེ་ས་དེ་ཚོའི་ནང་ལ་བོད་སྨན་གྱི་སྡེ་ཚན་འཛུགས་ཐུབ་ཀྱི་འདུག་གམ་མི་འདུག དེ་མེད་ནའང་གང་ལྟར་བོད་པའི་སྨན་ཤེས་མཁན་ཞིག་གིས་རྩ་དང་ཆབ་རྟགས་བལྟ་རྒྱུ་དེ་འདྲ་ཕལ་ཆེར་ཡོང་སྲིད་ཀྱི་རེད། དེ་འདྲ་བྱུང་ན་རྒྱ་ཆེ་རུ་འགྲོ་གི་རེད། རྒྱ་གར་ནང་ལ་ཆ་བཞག་ན་ཁྲིམས་མཐུན་ཆགས་ཀྱི་ཡོད། ངོས་ལེན་ཡོད་པ་ཞིག་ཆགས་ཀྱི་ཡོད། དེར་བརྟེན་ང་ཚོས་(Ayurvedic)དང་(Unani)། དེ་བཞིན་རྒྱ་ནག་གི་གནའ་རབས་ཀྱི་སྨན་བཅོས་དེ་དག་དེ་རིང་ཁ་སང་ཐེ་ཝན་ནང་ཡིན་ནའང་རེད། གང་ལྟར་རང་དབང་ལུང་པར་ཡོད་པའི་རྒྱ་རིགས་ཚོར་ང་ཚོས་འབྲེལ་བ་བྱེད་རྒྱུའི་གོ་སྐབས་ཡོང་གི་ཡོད། དེར་བརྟེན་འབྲེལ་བ་བྱས་ཏེ་གདན་འདྲེན་ཞུ་དགོས་ནས་ཚུར་གདན་འདྲེན་ཞུས། ཕར་འགྲོ་གི་ཡིན་ན་ཕར་ཕྱིན། ག་ལེར་ག་ལེར་རྒྱ་ནག་ནང་ལ་འབྲེལ་བྱེད་ཐུབ་རྒྱུ་ཞིག་ཏན་ཏན་ཡོང་སྲིད་ཀྱི་རེད། ཚུར་གདན་འདྲེན་ཞུ་རྒྱུ་ལྟ་བུ། དེ་བཞིན་ང་ཚོ་བོད་ཀྱི་གསོ་བ་རིག་པའི་སྨན་པ་མཁས་པ་དེ་འདྲ་བོད་ལ་ཡོང་གི་འདུག དེ་དག་གིས་སྨན་གསར་སྦྱོར་བྱས་ཏེ། དཔེར་ན། མཁྲིས་རྡོར་སྨན་གསར་སྦྱོར་བཟོས་ཏེ་མདོ་སྨད་ཁུལ་དུ་དེ་འདྲ་ཞིག་བྱུང་འདུག དེ་ཚོའི་གྲས་ལ་ཁོང་རང་ཚོར་སྟབས་བདེ་པོ་མེད་ན་ང་ཚོར་བྱེད་རྒྱུ་གང་ཡང་མེད། ཁོང་རང་ཚོ་སྟབས་བདེ་པོ་ཡོད་ན། ཚུར་གདན་འདྲེན་ཞུས་ཏེ་ཕན་ཚུན་གོ་བསྡུར་བྱས། ཡང་ཁོང་རང་ཚོ་ཚུར་ཡོང་བདེ་པོ་མེད་ན། ང་ཚོའི་མི་ཕར་ཕྱིན་ཏེ་གོ་བསྡུར་བྱས་ཏེ་ཁོང་རང་ཚོའི་ཉམས་མྱོང་ཚུར་ཞུས། ང་རང་ཚོས་རྒྱ་གར་ནང་བསགས་པའི་ཉམས་མྱོང་རྣམས་ཕར་ཤོད་ཀྱི་ཡིན་ན་ཡག་པོ་ཡོང་གི་རེད། འབད་བརྩོན་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད།
འདི་ག་ཧི་མ་ཅལ་འཕྲོད་བསྟེན་བློན་ཆེན་རང་ཉིད་(Ayurvedic)གི་སྨན་པ་ཞིག་ཡིན་དུས་སྐུ་ཉིད་བགྲེས་ཡོལ་དུ་ཕེབས་རྗེས་འདི་ག་སྨན་རྩིས་ཁང་དུ་སློབ་སྟོན་གནང་བར་ཕེབས་རོགས་ཞུ་རྒྱུ་ཡིན། གང་ལྟར་ཧི་མ་ཅལ་མངའ་སྡེའི་གཞུང་ནས་དམིགས་བསལ་གྱི་ཐུགས་ཁུར་དང་དོ་སྣང་གནང་རྒྱུ་དེ་ང་ཚོས་མཎྜལ་རྟེན་དོད་འཁྱེར་ནས་ཕར་ཞབས་སྐུལ་ཞུ་མི་དགོས་པར་ཚུར་ཁོང་རྣམ་པས་ཁུར་བླངས་ཏེ་ཤོད་ཀྱི་ཡོད། དེར་བརྟེན་ང་ཚོས་ཡིན་གཅིག་མིན་གཅིག་ནམ་རྒྱུན་འཆར་ཅན་བྱེད་རྒྱུ་དེ་རང་བྱས་ཏེ་བལྟས་བསྡད་ནས་འགྲིག་ཡོད་བསམ་པ་དང་ཡིག་ཐོག་འདྲ་ཆགས་པོ་ཞིག་བཀོད་ནས་འགྲིག་བསྡད་ཡོད་བསམ་པ་བྱས་ནས་མ་བསྡད་པར་གང་ལྟར་རྒྱ་སྐྱེད་བྱས་ཏེ། ཕུགས་རྒྱང་རིང་པོའི་ཐོག་བསམ་བློ་གཏོང་དགོས་པ་ད་གིན་ངོས་ཀྱིས་སྨན་རྩིས་ཁང་གི་འགྲེམས་སྟོན་གྱི་དེབ་ཐོག་ལ་བྲིས་ཡོད། ང་ཚོའི་གསོ་བ་རིག་པ་ཞེས་པ་དེ་མི་སྤྱི་ལ་ཞབས་འདེགས་བསྒྲུབ་རྒྱུ་ཞིག་ཆགས་ཀྱི་ཡོད། འདས་པའི་ལོ་བཞི་བཅུ་ཧ་ལམ་ཕྱིན་ཡོད་པ་རེད། གང་ལྟར་མི་མང་པོ་ཞིག་གིས་བོད་སྨན་བཟས་ནས་ན་ཚ་དྲག་བྱུང་ཞེས་བརྗོད་མཁན་འདུག་ལ་ཁ་སང་རང་རྒྱ་གར་བ་འགའ་ཤས་ཤིག་ཐུག་པ་ཡིན། ཁོང་རང་ཚོ་གསོ་བ་རིག་པར་དོ་སྣང་ཡོང་རྒྱུ་དེ་གསོ་བ་རིག་པར་རིག་གནས་གསར་པ་ཞིག་དང་ཡ་མཚན་ལྟ་བུ་བྱས་པ་མ་རེད། ཁོང་རང་ཚོ་རང་ཉིད་ལ་དཀའ་ངལ་འཕྲད་དེ་བོད་སྨན་གྱིས་ཕན། བོད་སྨན་གྱིས་ཕན་པར་བརྟེན་གཞི་ནས་བོད་སྨན་ལ་དོ་སྣང་བསླེབས་ཏེ་རྒྱབ་སྐྱོར་བྱེད་མཁན་ཞིག་ཆགས་ཡོད། དེར་བརྟེན་གང་ལྟར་མི་སྤྱིའི་འཕྲོད་བསྟེན་ལ་ཞབས་འདེགས་ཞུ་མཁན་ཞིག་ཆགས་ཀྱི་ཡོད། ད་ལྟ་ཡུ་རོབ་ལ་གང་ཙམ་ཡོད། དཔེར་ན། པོ་ལན་ལ་ཆ་བཞག་ན། ཁྲིམས་མཐུན་ཐོག་བོད་པའི་སྨན་ཁང་ཆུང་ཆུང་ཞིག་ཚུགས་ཏེ་གང་ལ་གང་ཙམ་གྱིས་ཕན་ཐོགས་ཡོད་པ་ཞིག་ཆགས་ཡོད། དེ་དང་དེ་མཚུངས་ཀྱི་རྒྱ་གར་ནང་ཁྲིམས་མཐུན་ཆགས་ཟིན་སྟབས་རིམ་པས་ལུང་པ་གཞན་དག་ནང་ལ་ཡང་ཏན་ཏན་ཡོང་སྲིད་པ་རེད། དེ་ཡང་རྒྱ་སྨན་ཞེས་བརྗོད་སྐབས་(Acupunture)ལ༌ལྟ་བུ་འཛམ་གླིང་གང་སར་དོ་སྣང་བསླེབ་ཀྱི་འདུག བོད་པའི་སྨན་དེ་བཞིན་ཡོང་རྒྱུ་ཞིག་ཏན་ཏན་ཡོང་གི་རེད། དེར་བརྟེན་ང་ཚོས་བློ་རྒྱ་སྐྱེད་ནས་ཤུགས་རྒྱག་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན། དེ་ཡོང་རྒྱུའི་མཐུན་རྐྱེན་གཙོ་བོ་གཅིག་ནི་མི་ཆ་དགོས་ཀྱི་ཡོད། ཁ་སང་རང་ང་ཚོ་སྐད་ཆ་བྱུང་། སློབ་ཕྲུག་བརྒྱ་ཕྲག་ཁ་ཤས་ཞེས་པ་དེ་ཉུང་དྲགས་པ་རེད། སྨན་པ་སྟོང་ཕྲག་སྟོང་ཕྲག་ཐོན་ཐུབ་པ་ཞིག་ང་ཚོས་བསམ་བློ་གཏོང་དགོས་ཞེས་ཁ་སང་སྐད་ཆ་བྱུང། དེ་འདྲ་ཡིན་དུས་སློབ་སྦྱོང་བྱེད་རྒྱུ་དང་གཅིག་སྒྲི་འཛུགས་དེ་རྒྱ་ཆེ་རུ་བཏང་བའི་ཐོག་སློབ་སྦྱོང་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ང་རང་ཚོ་སྨན་ཡང་ངོས་ཀྱིས་དྲང་པོ་ཤོད་ཀྱི་ཡོད། སེམས་ལ་དྲན་པ་དེ་ཤོད་ཀྱི་ཡོད། སོ་སོས་གང་ཙམ་ཤེས་པ་དེས་བོད་སྨན་རྒྱུས་མེད་མཁན་ཚོར་སོ་སོ་ཞེ་པོ་གཅིག་ཡིན་པ་ལྟ༌བུ་བྱས་ཏེ། སོ་སོ་སྒེར་གྱི་དོན་དག་དེ་ཡག་ཐག་ཆོད་བསྒྲུབས། སྤྱི་པའི་དོན་ལ་མ་ལྕོགས་ཤིག་ཤིག་བྱས་ནས་བསྡད་པ་དེ་འདྲ་མིན་པ་ཞིག་བྱེད་དགོས་ཤེས་སོང་ངམ། བྱེད་ཀྱི་མིན་ན་མ་བྱས་པར་སོ་སོ་སྒེར་པ་བྱས་ཏེ་ཐོན་ཕྱིན། འདི་ག་སྨན་རྩིས་ཁང་ནང་ལ་བསྡད་ནས་ལས་ཀ་བྱས་ན། སོ་སོའི་ནུས་པ་དང་དུས་ཚོད་བརྒྱ་ཆ་དྲུག་ཅུ་བདུན་ཅུ་དེའི་ཐོག་གཏོང་དགོས་པ་རེད་མ་གཏོགས་ཕྱིར་ཕར་ཕྱིན་ཚུར་ཕྱིན་འགྲུལ་བསྡུས་ལ་འགྲོ་གི་ཡོད་པ་ལྟ་བུ་མིན་པ་བྱེད་དགོས། སྔོན་མ་བསྟན་འཛིན་ཆོས་གྲགས་ལགས་ཡོད་སྐབས་ཕྱིར་འགྲོ་གི་ཡོད། དེ་ནས་ཚུར་འཁོར་སྐབས་ཌོ་ལོར་ཌོ་ལོར་ཞེས་ཁོ་རང་ལ་དངུལ་གང་བྱུང་བ་ཚུར་སྨན་རྩིས་ཁང་ལ་འཁྱེར་ཡོང་སྟེ་རྩིས་སྤྲོད་ཀྱི་ཡོད། དེ་རིང་ཁ་སང་དེ་འདྲ་གོ་རྒྱུ་མི་འདུག ཕྱིར་ཕྱིན་ནས་སོ་སོའི་ཨམ་ཕྲག་ནང་ཆ་ཚང་བླུགས་པ་མ་གཏོགས་དེ་འདྲ་སྐད་ཆ་མི་འདུག དེ་ཚོའི་གྲས་དེ་་གང་ལྟར་སྨན་རྩིས་ཁང་གི་མིང་ཐོག་ནས་ཕྱིར་འགྲོ་གི་ཡོད། སོ་སོའི་དོན་དག་དགོས་ཀྱི་རེད། འོན་ཀྱང་དོན་དག་གལ་ཆེ་བ་དེ་སྤྱི་པའི་དོན་དག་ཐོག་སེམས་ཤུགས་བསྒྲིལ་ནས་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ཐུགས་མཐུན་ཁྲིམས་གཙང་ཞེས་ཁྱེད་རང་ཚོའི་དཔེ་ཆའི་ནང་ཡོད་པ་ལྟར་རེད། གང་ལྟར་སློབ་སྦྱོང་ཡོད་པ། བསླབ་པ་གསུམ་བརྗོད་སྐབས་སོ་སོ་སྒེར་གྱི་སྤྱོད་པ་དེ་ཡང་ཡག་པོ་ཡོད་པ། ཚུལ་ཁྲིམས་ཀྱི་བསླབ་པའི་ཉམས་ལེན་ཡོད་པ། ཏིང་ངེ་འཛིན་གྱི་བསླབ་པ་ཚད་ལོངས་བ་མེད་ནའང། རྣམ་གཡེང་ཁོ་ནའི་ཐོག་འགྲོ་མཁན་མིན་པ། དེ་ནས་ཆོས་རབ་ཏུ་འབྱེད་པའི་རྣམ་དཔྱོད་ཀྱི་ཤེས་རབ་ཀྱི་ཇི་ལྟ་ཇི་སྙེད་ཀྱི་ནུས་པ་ཡོད་པ་ཞིག་དགོས་ཀྱི་ཡོད། གལ་ཆེ་ཤོས་ཤིག་ཤེས་ཚད་གཅིག་པུས་འདང་གི་མེད། སྨན་པ་ཞེས་མིའི་སྲོག་སྐྱོབ་མཁན་ཞིག་ཡིན་དུས་སེམས་པ་བཟང་པོ་དགོས། དཔེར་ན། ང་ཚོས་ཤེས་ཀྱི་ཡོད་པ་ལྟར། སྨན་ཁང་ཆེན་པོ་དེ་འདྲ་ཞིག་འགྲོ་སྐབས་ཨེམ་ཆི་མཁས་པ་ཏན་ཏན་ཡོད་པ་རེད། དེ་བཞིན་འཕྲུལ་ཆས་དེ་དག་གི་གྲས་ཧ་ལས་པ་ཡོད་ཀྱང་ཨེམ་ཆི་དེའི་ངོ་གདོང་སྟེང་ལ་མིའི་ཚོར་བ་མེད་པ་ལྟ་བུ་དང་གད་མོ་མ་གོད་མཁན་ཞིག་མཐོང་ན། ཨ་རྩི་ཨེམ་ཆི་དེས་ང་ལ་ཚོད་ལྟ་བྱེད་ཀྱི་མེད་དམ་སྙམ་པ་དེ་འདྲ་དྲན་གྱི་འདུག སྔོན་མ་དེ་འདྲ་གོ་རྒྱུ་ཡོད། རྒྱ་གར་གྱི་སྨན་ཁང་ཁ་ཤས་ལ་ནད་པར་ངོ་ཤེས་དེ་འདྲ་མེད་ན། ཚོད་ལྟ་བྱེད་རྒྱུ་ལྟ་བུ་དང་དེ་རིང་ཁ་སང་རྒྱ་ནག་ནང་མང་པོ་ཤོད་ཀྱི་འདུག མིའི་དོན་ལྔ་སྣོད་དྲུག་གི་ཆ་ཤས་དེ་འདྲ་བཀོག་སྟེ་ཚོང་རྒྱག་མཁན་མང་པོ་ཞིག་ཡོང་གི་འདུག བར་སྐབས་ཕྱི་རྒྱལ་གྱི་མི་ཁག་གཅིག་ཕྱི་རྒྱལ་ལུང་པར་ཐུག་བྱུང་། མིའི་སྙིང་དང་གློ་མཆིན་སོགས་ཚོང་རྒྱག་མཁན་དེ་དག་གིས་དེའི་དོན་དུ་ལྐོག་བསད་བརྒྱབ་པ་དེ་འདྲ་ཤོད་ཀྱི་འདུག དེ་ཚོའི་གྲས་དེ་མི་ལ་བརྩེ་བ་མེད་ན་དེ་ཡོང་གི་ཡོད། ང་རང་ཚོ་ཡིན་ཡང་དེ་སྔ་བོད་ལ་ཡེ་ཤེས་དོན་ལྡན་གྱིས་ཕལ་ཆེར་ཤེས་ཀྱི་རེད། སྨན་པ་ཅི་ཅི་གཅིག་ཧ་ཅང་མཁས་པ་ཡོད་པ་རེད། འོན་ཀྱང་ཐུགས་སེམས་བཟང་པོ་རང་ཡོད་པ་མ་རེད། བྱས་ཙང་ཞེ་དྲག་ཕན་གྱི་མི་འདུག སྨན་པ་ཅི་ཅི་གཅིག་ཐུགས་སེམས་བཟང་པོ་ཡོད་པ་དེའི་སྨན་དེ་ཕན་པོ་ཡོང་། ཞེས་དེ་འདྲ་ཤོད་ཀྱི་འདུག སྨན་པ་ཞིག་ཡིན་ན་གསོ་བ་རིག་པ་ཞེས་གཞན་གྱི་ལུས་སྲོག་སྐྱོབ་རྒྱུ་ཟེར་ནའང་འདྲ། ལུས་གསོ་རྒྱུ་ཞིག་ཡིན་དུས་ཕན་པའི་བསམ་པ་ཞིག་མེད་ན། དེ་རང་ཉིད་ཀྱི་ལག་ཤེས་ཡིན་བསམས་པ་དང་། རང་ཉིད་ཀྱི་ལྟོ་གོས་ཡིན་བསམས་ཏེ་བྱས་ན་ཧ་ཅང་ཁག་པོ་རེད། དེར་བརྟེན་ཕན་པའི་བསམས་པ་ཞེས་པ་དེ་ཧ་ཅང་གལ་ཆེན་པོ་ཡིན། སྨན་གཞུང་ཐོག་ནས་ལག་རྩལ་སློབ་ཀྱི་ཡོད། ཕན་པའི་བསམ་པ་བསྐྱེད་རྒྱུ་དེ་སངས་རྒྱས་ཀྱི་ཆོས་ནས་བཤད་ཡོང་གི་ཡོད། དཔེར་ན། རྒྱུ་དང་འབྲས་བུའི་རྟེན་ཅིང་འབྲེལ་བ་བྱུང་བ་ཞེས་པ་དེའི་ཐོག་ནས་ཇི་ཙམ་གྱིས་གཞན་ལ་ཕན་བདེ་བསྒྲུབ་རྒྱུའི་བསམ་པ་བཟང་པོ་ཞིག་བསྐྱེད་དེ་ཕན་བདེ་བསྒྲུབ་ན་རང་ལ་གནས་སྐབས་དང་མཐར་ཐུག་ལ་ཕན་ཐོགས་ཡོད། ཇི་ཙམ་གྱིས་རང་དོན་ཁོག་ཏུ་བཅུག་ནས་བྱས་ན། གང་ལྟར་གཞན་དོན་མེད་པའི་ཐོག་རང་དོན་ཡང་མི་བསྒྲུབ་པ་ཞིག་ཡིན་པ་དེ་སངས་རྒྱས་པའི་གཞུང་ནས་གསུངས་པ་དེ་དང་སྨན་པའི་ལག་རྩལ་གཉིས་པོ་ཟུང་དུ་འབྲེལ་ནས་ཕྱིན་ན། གསོ་བ་རིག་པ་ཞེས་པ་དེ་བྱང་ཆུབ་སེམས་དཔའི་སྤྱོད་ལམ་གྱི་གྲས་ལ་སླེབ་ཀྱིཡོད། གང་ལྟར་སྨན་སྦྱིན་རྒྱུ་ཞེས་པ་དེ་སྦྱིན་པའི་ཉམས་ལེན་གཙོ་བོ་ཆགས་ཀྱི་ཡོད། དེ་ཁྱེད་རང་ཚོའི་སེམས་ལ་བཞག་རོགས་བརྗོད་རྒྱུ་ཡིན།
ང་ཚོ་དུས་རབས་གསར་པ་ཞིག་ལ་བསླེབས་ཏེ་མི་མང་པོ་ཐུག་སྟེ་ཉམས་མྱོང་གསོག་རྒྱུ་ཡོད་པ་དེ་ང་ཚོར་རྐྱེན་ངན་གྲོགས་ལ་ཤར་བ་རེད། སོ་སོའི་ལུང་པ་བྲལ་ཏེ་ཐབས་སྐྱོ་པོ་རེད། འོན་ཀྱང་གོ་སྐབས་བཟང་པོ་ཞིག་ང་ཚོར་རག་ཡོད། དེར་བརྟེན་ཁྱེད་རང་ཚོ་ཚང་མས་འཆར་ཆན་དང་ཆོག་ཤེས་བྱས་ནས་མ་བསྡད་པར་མུ་མཐུད་ཡར་རྒྱས་འགྲོ་རྒྱུ་དང་རྣམ་དཔྱོད་ཀྱི་བློ་གྲོས་ལོ་རེ་ནས་ལོ་རེ་གོང་དུ་འཕེལ་ཐུབ་རྒྱུའི་བསམ་བློ་གཏོང་དགོས། ཁྱེད་རང་ཚོ་ནང་ཁུལ་གོ་བསྡུར་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། གཅིག་གིས་གཅིག་ལ་སྤམ་པོ་དང་ཕྲག་དོག་བྱེད་ཀྱི་ཡོད་པ་ལྟ་བུ་དེ་འདྲ་མེད་པར། ཁྱེད་རང་ཚོར་ལེགས་བཤད་དང་ཉམས་མྱོང་གསར་པ་དེ་འདྲ་ཡོད་ན། ཁྱེད་རང་ཚོ་གོ་བསྡུར་བྱས་ཏེ་ཉམས་མྱོང་དེ་ཁྱེད་རང་ཚང་མར་བགོ་བཤའ་བརྒྱབ་ཐུབ་པ་ཞིག་བྱུང་ན་ཕན་གྱི་རེད། དེ་བརྗོད་འདོད་བྱུང་གཞན་ངོས་ལ་བརྗོད་རྒྱུ་གང་ཡང་མི་འདུག ཁྱེད་རང་ཚོར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག་ཁྱེད་རང་ཚོའི་སྦྱིན་བདག་རྣམས་ལ་ཡང་དམིགས་བསལ་ཐུགས་རྗེ་ཆེ་ཞུ་གི་ཡིན། ཞེས་བཀའ་སློབ་སྩལ་ཡོད། །
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་གཞུང་སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་མཛད་སྒོར་བཀའ་སློབ་སྩལ་བ།
གསར་གནས།
འབྲེལ་གནས།