༢༠༡༡ ཟླ་ ༣ ཚེས་ ༢༣ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༢༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་གཞུང་སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་མཛད་སྒོར་ཚོགས་མགོན་དུ་༸ཞབས་སོར་འཁོད་པ།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་མགོན་པོ་གང་ཉིད་མཆོག་བོད་གཞུང་དབུས་སྨན་རྩིས་ཁང་དུ་༸ཞབས་སོར་འཁོད་སྐབས་སྨན་རྩིས་ཁང་གི་ངེས་སྟོན་པ་སྨན་པ་རྟ་མགྲིན་ལགས་དང་། ལྔ་བཅུའི་གོ་སྒྲིག་ཚོགས་ཆུང་གི་འགན་འཛིན་བཅས་ནས་སྤོས་སྣེས་སྔོན་བསུ་སྟེ་གདན་འདྲེན་ཞུས་གྲུབ་མཚམས་ཐོག་མར་༸གོང་ས་མཆོག་གིས་འགྲེམས་སྟོན་ཁང་དབུ་འབྱེད་དང་ཐུགས་ཞིབ་མཛད་གྲུབ་བསྟུན་དབུས་སྨན་རྩིས་ཁང་གི་ཚོགས་ཁང་དུ་བཙན་བྱོལ་བོད་གཞུང་གི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་དྲུང་ཆེ་རྣམ་པ། ཧི་མ་ཅལ་མངའ་སྡེའི་འཕྲོད་བསྟེན་བློན་ཆེན་ Rajeev Bindal མཆོག་དང་། དབུས་སྨན་རྩིས་ཁང་ལ་ཡུན་རིང་རྒྱབ་སྐྱོར་གནང་མཁན་ཕྱི་རྒྱལ་བ་དང་རྒྱ་གར་གྱི་འབྲེལ་ཡོད་སྐུ་མགྲོན་རྣམ་པ། དབུས་སྨན་རྩིས་ཁང་གི་འགན་འཛིན་ལྷན་ཚོགས་དང་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་མི་རྣམ་པ། དབུས་སྨན་རྩིས་ཁང་གི་སྨན་པ་དང་ལས་བྱེད། དེ་བཞིན་ཕྱོགས་མཐའ་ཁག་གི་ཡན་ལག་སྨན་ཁང་གི་འགན་འཛིན་རྣམ་པ། སྨན་སློབ་རྣམ་པ། ཕྱོགས་མཚུངས་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་འགན་འཛིན་སོགས་ཁྱོན་མི་གྲངས་ ༥༠༠ བརྒལ་བ་ལྷན་འཛོམས་ཐོག་མགོན་པོ་གང་ཉིད་མཆོག་གིས་དབུས་སྨན་རྩིས་ཁང་གི་རིག་གནས་ངོ་སྤྲོད་ཀྱི་དྲ་རྒྱ་གསར་པ་དབུ་འབྱེད་མཛད་རྗེས་གཡུ་ཐོག་གསོལ་འདེབས་རྟ་དབྱངས་དང་སྦྲགས་སྨན་རྩིས་ཁང་གི་ངེས་སྟོན་པས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་མཚམས་གསོལ་ཇ་དང་འབྲས་སིལ་འདེགས་འབུལ་ཞུས། དེ་རྗེས་དབུས་སྨན་རྩིས་ཁང་གི་ངེས་སྟོན་པས་ལོ་ངོ་ལྔ་བཅུའི་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུས་གྲུབ་བསྟུན་རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲིན་རྗེས་དྲན་མཚོན་ཆེད་བོད་གཞུང་དབུས་སྨན་རྩིས་ཁང་ནས་ཧི་མ་ཅལ་མངའ་སྡེའི་འཕྲོད་བསྟེན་བློན་ཆེན་མཆོག་ལ་སྨན་བླའི་སྐུ་ཐང་ཞིག་གནང་བ་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་རས་སྩལ། དེ་ནས་དུས་དྲན་གོ་སྒྲིག་ཚོགས་ཆུང་གི་འགན་འཛིན་གྱིས་གཟེངས་རྟགས་འབུལ་ལམ་གྱི་ལས་རིམ་སྙན་སྒྲོན་དང་སྦྲགས་སྨན་རྩིས་ཁང་གིས་ངེས་སྟོན་པས་༸གོང་ས་མཆོག་ལ་ཐུགས་རྗེ་བཀའ་དྲིན་མཚོན་སླད་འདེགས་འབུལ་གྲུབ་བསྟུན་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་ལས་བྱེད་རྣམས་ལ་ལེགས་སྐྱེས་གནང་། དེ་རྗེས་བཀའ་ཁྲི་མཆོག་གིས་སྨན་རམས་པ་མཁྱེན་རབ་རྒྱ་མཚོས་རྩོམ་སྒྲིག་གནང་བའི་སྨན་རྩིས་མཐོ་སློབ་ཁང་གི་ལོ་རྒྱུས་དྲི་མེད་གསེར་ཞུན་སོགས་ཀྱི་དཔེ་དེབ་ཁག་དྲུག་དབུ་འབྱེད་གནང། དེ་ནས་དབུས་སྨན་རྩིས་མཐོ་སློབ་ཁང་གི་སློབ་སྤྱིས་སྨན་རྩིས་སློབ་མའི་ལོ་འཁོར་རྒྱུགས་འབྲས་རྩེ་ཕུད་ཁག་སྒྲོགས་སྦྱང་དང་འབྲེལ་འཕྲོད་བསྟེན་བཀའ་བློན་མཆོག་གིས་བྱ་དགའ་གནང་། དེ་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས་ཞབས་ལོ་ཉི་ཤུ་དང་སུམ་ཅུ་འཁོར་བ་ཁག་ལ་གཅིག་གཟེངས་བསྟོད་གནང་རྗེས་བཀའ་ཁྲི་མཆོག་གིས་བཀའ་ཤག་གིས་གསུང་བཤད་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྤྱི་འཐུས་ཀྱི་གསུང་བཤད་གནང། དེ་ནས་དམིགས་བསལ་སྐུ་མགྲོན་མངའ་སྡེའི་འཕྲོད་བསྟེན་བློན་ཆེན་མཆོག་གིས་གསུང་བཤད་གནང་རྗེས་༸གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་བཀའ་དྲིན་ཆེ་བ་ཕེབས་རྗེས་དབུས་སྨན་རྩིས་ཁང་གི་དྲུང་ཆེས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་སྨན་རྩིས་བསྟན་པ་རྒྱས་པའི་སྨོན་ལམ་སྟོན་ཏེ་མཛད་སྒོ་རྒྱལ་ཁའི་ངང་གྲོལ།
དབུས་སྨན་རྩིས་ཁང་འདི་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་འོག་ཕྱི་ལོ་ ༡༩༦༡ ལོར་གསར་འཛུགས་བྱས་ཏེ། རིམ་བཞིན་རྒྱ་སྐྱེད་དེ་དབུས་སྨན་རྩིས་ཁང་གིས་གཙོས་རྒྱ་བལ་གཉིས་ནང་ཡན་ལག་སྨན་ཁང་ ༥༣ ཡོད་པའི་ནང་ལོ་རེར་ནད་རིགས་འདྲ་མིན་གྱིས་མནར་བའི་ནད་པ་འབུམ་ལྔ་བརྒལ་བར་སྨན་བཅོས་བྱས་དང་བྱེད་མུས་ཡིན་པ་མ་ཟད། རང་རིགས་ཉམ་ཐག་དང་ནད་གཅོང་། རྒན་འཁོགས། དེ་བཞིན་བོད་ནས་གསར་དུ་འབྱོར་བ། རང་གཞུང་སྲི་ཞུའི་ལས་བྱེད་ལ་སྨན་སྦྱིན་དང་། ཆོས་ལུགས་རིས་མེད་ཀྱི་གྲྭ་བཙུན་དང་སློབ་ཕྲུག་རྣམས་ལ་སྨན་རིན་ཕྱེད་བཅག་གནང་དང་གནང་མུས་ཡིན་འདུག་པ་བཅས། །