༢༠༡༡ ཟླ་ ༣ ཚེས་ ༡༥ རེས་གཟའ་མིག་དམར།
༄༅། །འདི་གར་བོད་གཞུང་ཐེ་ཝན་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། བོད་མིས་རང་དབང་སྒེར་ལངས་བྱས་ནས་ལོ་ ༥༢ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་ཆེད་ཐེ་ཝན་ནང་ལས་འགུལ་སྣ་མང་སྤེལ་ཡོད། ལས་འགུལ་ཁག་གཙོ་བོ་གཞུང་འབྲེལ་མིན་པའི་ཚོགས་པ་ཐེ་ཝན་དུ་གནས་སྡོད་བོད་རིགས་ཚོགས་པ་དང་། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས། ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས། ཐེ་ཝན་བོད་ཀྱི་གྲོགས་པོའི་མཐུན་ཚོགས། རྒྱལ་སྤྱིའི་སློབ་ཕྲུག་བོད་དོན་རྒྱབ་སྐྱོར་ཚོགས་པ་ཐེ་ཝན་ཡན་ལག ཐེ་ཝན་བོད་རྒྱ་མཐུན་ཚོགས་སོགས་ཐུན་མོང་ནས་མཉམ་འབྲེལ་གནང་ཡོད། ཕྱི་ཟླ་ ༣ ཚེས་ ༡༠ ཉིན་དགོང་དྲོར། ཐེ་ཝན་དུ་གནས་སྡོད་བོད་རིགས་ཚོགས་པ་དང་། ས་གནས་གཞོན་ནུ། ས་གནས་བུད་མེད་བཅས་ནས་གོ་སྒྲིག་གིས་ཐེ་ཝན་ ༢༢༨ ཞི་བདེ་གླིང་ཁའི་ནང་དུ་བོད་མི་སྐྱ་སེར་དང་། བོད་དོན་རྒྱབ་སྐྱོར་གནང་མཁན་མཉམ་འཛོམས་ཐོག་དུས་དྲན་སྲུང་བརྩི་ཞུས་ཡོད། མཛད་སྒོའི་ཐོག་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་༸གོང་ས་མཆོག་གི་གསུམ་དུས་བཀའ་སློབ་སྒྲོགས་སྦྱང་གནང་ཡོད། སྐུ་མགྲོན་གྱི་ཁོངས་སུ་ཕེབས་པའི་ཐེ་ཝན་གྲོས་ཚོགས་འཐུས་མི་ལས་ཟུར་དང་། ཐེ་པེ་གྲོང་ཁྱེར་གྲོས་ཚོགས་འཐུས་མི། རྒྱུན་དུ་བོད་པར་རྒྱབ་སྐྱོར་གནང་མཁན་གཞུང་འབྲེལ་མིན་པའི་ཚོགས་པའི་འགན་འཁུར་མི་སྣ་རྣམས་ཀྱིས་ཀྱང་གསུང་བཤད་གནང་ཡོད་པ་རེད།ཕྱི་ཟླ་ ༣ ཚེས་ ༡༢ ཉིན་བོད་ནང་བུད་མེད་རྣམས་ཀྱིས་ཞི་བའི་ངོ་རྒོལ་བྱས་ནས་ལོ་ ༥༢ འཁོར་བའི་དུས་དྲན་དང་བསྟུན། ཐེ་ཝན་དུ་གནས་སྡོད་བོད་རིགས་ཚོགས་པ་དང་། ས་གནས་གཞོན་ནུ་དང་བུད་མེད་ཚོགས་པ། ཐེ་ཝན་བོད་ཀྱི་གྲོགས་པོའི་མཐུན་ཚོགས། རྒྱལ་སྤྱིའི་སློབ་ཕྲུག་བོད་དོན་རྒྱབ་སྐྱོར་ཚོགས་པ་ཐུན་མོང་ནས་གོ་སྒྲིག་ཐོག་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མི་གྲངས་ལྔ་བརྒྱ་ཙམ་མཉམ་འཛོམས་ཀྱིས་དུས་ཡུན་ཆུ་ཚོད་གཉིས་ཙམ་རིང་རྒྱལ་ས་ཐེ་པེ་གྲོང་ཁྱེར་ནང་རྔམ་སྟོན་ཁྲོམ་སྐོར་རྒྱ་ཆེ་ཞིག་སྤེལ་ཡོད། དེ་བཞིན་བོད་མི་ཁག་གཅིག་ནས་རྒྱ་དམག་གིས་བོད་མིར་མནར་གཅོད་གཏོང་སྟངས་ཀྱི་འཁྲབ་སྟོན་ཞིག་བསྟན་ཡོད་པར། ཡུལ་མི་མང་པོར་སེམས་འགུལ་ཚད་མེད་ཐེབས་ཡོད། ཕྱི་ཟླ་ ༣ ཚེས་ ༡༣ ཉིན་བོད་གཞུང་ཐེ་ཝན་སྐུ་ཚབ་དོན་ཁང་དང་། ཐེ་ཝན་བོད་རྒྱ་མཐུན་ཚོགས་མཉམ་འབྲེལ་ཐོག་བརྗོད་གཞི་ཨ་རབ་ཀྱི་འགྱུར་བགྲོས་ལས་མང་གཙོ་དང་བོད་རྒྱའི་འབྲེལ་ལམ་སྐོར་གྱི་མཁས་པའི་བགྲོ་གླེང་ཞིག་གོ་སྒྲིག་ཞུས་ཤིང་། བགྲོ་གླེང་ཚོགས་འདུའི་ཐོག་ཐེ་ཝན་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཐན་ཆིའུ་ཇིན་དང་། རྒྱ་ནག་མང་གཙོ་དོན་གཉེར་བ་སྐུ་ཞབས་ཝན་ཏན། གྲོས་ཚོགས་འཐུས་མི་ཟུར་པ་ཇན་ཏཱ་སོགས་ལྟ་བ་དང་ལངས་ཕྱོགས་འདྲ་མིན་གྱི་མཁས་དབང་རྣམས་ཀྱིས་གསུང་བཤད་གནང་བ་དང་། ཚོགས་ཞུགས་པ་ཡོངས་ནས་༸གོང་ས་མཆོག་ལ་གུས་འདུད་དང་། མགོན་པོ་གང་ཉིད་ཀྱི་དབུ་མའི་ལམ་ལ་རྒྱབ་སྐྱོར་ཐོག་བོད་རྒྱ་འབྲེལ་ལམ་ཡར་རྒྱས་གཏོང་ཕྱོགས་ལ་གང་དགའ་ཅི་ལེགས་ཀྱི་བགྲོ་གླེང་ལྷུག་པོ་གནང་ཞིང་། ཚང་མས་འབྱུང་འགྱུར་བགྲོ་གླེང་འདི་རིགས་གང་མང་གནང་དགོས་པའི་འབོད་སྐུལ་གནང་ཡོད། ཕྱི་ཟླ་ ༣ ཚེས་ ༡༤ དགོང་དྲོ། ཐོག་མའི་འཆར་གཞི་ནི་བོད་ནང་བོད་མིའི་ཆེད་མར་མེའི་མཆོད་འབུལ་ཞུ་འཆར་ཡིན་ཡང་། ཉེ་ཆར་གློ་བུར་དུ་ཉི་ཧོང་ནང་ས་ཡོམ་གྱི་གནོད་འཚེ་བྱུང་བར་བརྟེན། དེར་གདུང་སེམས་མཉམ་སྐྱེ་ཆེད་བླ་སྤྲུལ་དགེ་བཤེས་དང་། བོད་མི། བོད་དོན་རྒྱབ་སྐྱོར་གནང་མཁན་ཁྱོན་མི་གྲངས་བརྒྱ་སྐོར་ཞིག་ནས་རང་དབང་ཐང་ཆེན་དུ་འདུ་འཛོམས་ཐོག་བསྔོ་སྨོན་གསུང་འདོན་གནང་བར། ཉི་ཧོང་མི་སྣ་བཅུ་གྲངས་ཤིག་མཉམ་ཞུགས་དང་། ཉི་ཧོང་གི་གསར་ལམ་ཁག་གསུམ་ཙམ་ཆེད་དུ་བཅར་འདྲི་གནང་བར་ཕེབས་ཡོད་པ་བཅས།།
ཐེ་ཝན་ནང་གསུམ་དུས་ལས་འགུལ་སྣ་མང་སྤེལ་བ།
གསར་གནས།
འབྲེལ་གནས།