༢༠༡༡ ཟླ་ ༣ ཚེས་ ༢༤ རེས་གཟའ་ཕུར་བུ།
༄༅། །དཔལ་ལྡན་སྐུ་སྒེར་ཡིག་ཚང་ནས་སྤེལ་བའི་༸གོང་ས་མཆོག་གི་མཛད་འཆར་ལྟར་ན། བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༡༣ ནས་ཚེས་ ༡༨ བར་ཡུ་རོབ་ཀྱི་ཡུལ་གྲུ་ཁག་གསུམ་ནང་ཆིབས་སྒྱུར་བསྐྱང་རྒྱུ་ཐུགས་གཏན་འཁེལ་ཡོད་པ་རེད།
དེ་ཡང་༸གོང་ས་མཆོག་གིས་ཕྱི་ཚེས་ ༡༣ ཉིན་ཨར་ལེན་ཌེའི་རྒྱལ་ས་ཌོབ་ལེན་དུ་ཕྱི་ལོ་ ༢༠༡༡ ལོའི་ནང་གི་གོ་སྐབས་ཞེས་པའི་རྒྱལ་ཡོངས་སྤྱི་ཚོགས་ལྷན་ཚོགས་ཀྱི་གླེང་སྟེགས་ཤིག་ཏུ་དབུ་བཞུགས་ཀྱིས་འཇིག་རྟེན་ཀུན་ཁྱབ་འགན་འཁུར་ཐོག་འབོད་སྐུལ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ་དང་། སྐབས་དེར་མགོན་པོ་གང་ཉིད་མཆོག་དང་ལྷན་ཨར་ལན་ཌེའི་བུད་མེད་ཀྱི་སྲིད་འཛིན་ཐོག་མ་དང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཆེས་མཐོའི་ལྷན་ཚོགས་ཀྱི་གཙོ་འཛིན་ཟུར་པ་ལྕམ་སྐུ་མཱ་རི་རཱོ་བན་སེན་(Mary Robinson)མཆོག་བཅས་ནས་གསུང་བཤད་གནང་རྒྱུ་ཡིན་འདུག ཕྱོགས་མཚུངས་ཕྱི་ཚེས་ ༡༣ ཉིན་༸གོང་ས་མཆོག་གིས་ཨར་ལེན་ཌེའི་(Ireland) རྫོང་ཁོངས་ཀེལ་ཌ་རེ་ཡེ་ཤུའི་མཆོད་ཁང་ཞིག་ཏུ་བྱམས་སྙིང་རྗེའི་བསམ་པ་སྒྲུབ་ཚུལ་ཞེས་པའི་བརྗོད་གཞིའི་ཐོག་མི་མང་ལ་བཀའ་སློབ་སྩལ་རྒྱུ་དང་།
ཕྱི་ཚེས་ ༡༤ ཉིན་མགོན་པོ་གང་ཉིད་མཆོག་གིས་སྔ་དྲོ་གྲོང་ཁྱེར་ལིམ་རིཀ་ཏུ་ཆེས་མཐོའི་གཙུག་ལག་སློབ་ཁང་གི་གོ་སྒྲིག་འོག་སེམས་ཀྱི་ནུས་སྟོབས་ཞེས་པའི་བརྗོད་གཞིའི་ཐོག་མི་མང་ལ་བཀའ་སློབ་སྩལ་རྒྱུ་ཡིན་འདུག
ཚེས་ ༡༥ ཉིན་༸གོང་ས་མཆོག་གིས་སྭི་ཌེན་ (Sweden) གྱི་རྒྱལ་ས་སེ་ཀྲོག་ཧེམ་ (Stockholm) ཏུ་འཛམ་གླིང་ཞི་བདེར་སྨན་པའི་འགྲོ་བ་མིའི་ཐབས་ལམ་ཞེས་པའི་བརྗོད་གཞིའི་ཐོག་མི་མང་ལ་བཀའ་སློབ་སྩལ་རྒྱུ་དང་། ཚེས་ ༡༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྭི་ཌེན་ (Sweden) ལེན་ཌ་གཙུག་ལག་སློབ་གཉེར་ཁང་དུ་སྭི་ཌེ་ཤེ་ཚོགས་པས་གོ་སྒྲིག་ཞུས་པའི་ཏཱ་ལའི་བླ་མ་མཆོག་མཇལ་དུ་ཕེབས་ཞེས་པའི་མཛད་སྒོར་དབུ་བཞུགས་མཛད་རྒྱུ་ཡིན་འདུག ཕྱི་ཚེས་ ༡༨ ཉིན་མགོན་པོ་གང་ཉིད་མཆོག་གིས་(Denmark )ཌེན་མཀ་གི་གྲོང་ཁྱེར་ཀོ་པན་ཧེ་གྷན་ (Copenhagen )དུ་སྔ་དྲོ་དད་ལྡན་ཆོས་ཞུ་བ་རྣམས་ལ་བློ་སྦྱོང་དོན་བདུན་མའི་གསུང་ཆོས་དང་། ཉིན་རྒྱབ་མི་མང་ལ་མི་ཚེའི་དོན་སྙིང་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ་ཡིན་འདུག ད་ཐེངས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡུལ་ཁག་དེ་དག་ནང་ཆིབས་སྒྱུར་བསྐྱང་རྒྱུ་དེ་ནི་མགོན་པོ་གང་ཉིད་མཆོག་གི་ཐུགས་ཐག་ཉེ་བའི་གྲོགས་པོ་སྔར་དམག་འཁྲུག་སྐབས་རང་ཉིད་ཀྱི་སྐོར་སྲུང་བས་རང་གི་མིག་ལ་མེ་མདའ་བརྒྱབ་ཀྱང་འཁོན་འཛིན་དང་སྡང་སེམས་གང་ཡང་མེད་པར་བཟོད་བསྲན་གྱི་མིག་དཔེར་གྱུར་བའི་སྐུ་ཞབས་རི་ཆཱ་ཌ་མུ་རི་(Richard Moore)ལགས་ཀྱིས་གོ་སྒྲིག་གནང་བ་ཞིག་ཡིན་པ་མ་ཟད། དེ་སྔོན་ཁོང་རང་བཞུགས་སྒར་དུ་ཕེབས་སྐབས་༸གོང་ས་མཆོག་ལ་གསོལ་འདེབས་ཞུས་པ་ཞིག་ཡིན་འདུག་པ་བཅས། །
༸གོང་ས་མཆོག་ཡུ་རོབ་ཀྱི་ཡུལ་གྲུ་ཁག་གསུམ་ནང་ཆིབས་སྒྱུར་བསྐྱང་གཏན་འཁེལ་བ།
གསར་གནས།
འབྲེལ་གནས།