༢༠༠༡ ཟླ་ ༢ ཚེས་ ༢༨ རེས་གཟའ་ཟླ་བ།
༄༅། །ཨ་རིའི་མངའ་སྡེ་ནིའུ་ཇར་སིའི་(Newark) འགྲེམས་སྟོན་ཁང་དུ་བོད་ཀྱི་ཅ་དངོས་སྒྱུ་རྩལ་འགྲེམས་སྟོན་གནང་སྟེ་ལོ་བརྒྱ་འཁོར་བའི་དུས་ཆེན་སྲུང་བརྩི་ཞུ་རྒྱུ་དེ་བཞིན་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༥ ཉིན་ནས་བཟུང་ཟླ་ ༩ རིང་གནང་འཆར་ཡོད་འདུག
དེ་ཡང་འགྲེམས་སྟོན་ཁང་དེ་ནི་འཛམ་གླིང་ནང་བོད་ཀྱི་སྒྱུ་རྩལ་འབའ་ཞིག་སྐོར་གྱི་འགྲེམས་སྟོན་གནང་མཁན་དང་པོ་དེ་ཡིན་འདུག འགྲེམས་སྟོན་ཁང་དེ་བཞིན་ཕྱི་ལོ་ ༡༩༡༡ ལོར་དབུ་འཛུགས་གནང་བ་མ་ཟད། དེའི་ནང་བོད་ཀྱི་སྒྱུ་རྩལ་འདྲ་མིན་ཁག་ལྔ་སྟོང་ལྷག་ཡོད་འདུག བོད་ཀྱི་སྒྱུ་རྩལ་འགྲེམས་སྟོན་ཁང་དབུ་འཛུགས་གནང་སྟེ་ལོ་བརྒྱ་འཁོར་བའི་དུས་ཆེན་སྲུང་བརྩིའི་སྐབས་སུ་ལས་རིམ་འདྲ་མིན་སྣ་ཚོགས་ཤིག་སྤེལ་འཆར་ཡོད་ཁོངས་ནས་གལ་ཆེ་ཤོས་དང་དམིགས་བསལ་གྱི་ལས་འཆར་དེ་འདི་ལོ་ཕྱི་ཟླ་ ༥ ཚེས་ ༡༣ ནས་ ༡༥ བར་གྲོང་ཁྱེར་(Newark) ནང་(Newark Peace Education Summit)ཞི་བདེའི་ཤེས་ཡོན་ཚོགས་ཆུང་ཞེས་པའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་པ་དང་། སྐབས་དེར་འགྲེམས་སྟོན་ཁང་དེའི་ནང་དམིགས་བསལ་མགྲོན་འབོད་ཞུས་པའི་སྐུ་མགྲོན་ཁག་ལ་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་འདུག དེ་བཞིན་འགྲེམས་སྟོན་ཁང་དེའི་ཁང་པ་ཆེ་ཁག་ལྔའི་ནང་བོད་ཀྱི་སྒྱུ་རྩལ་ཁོ་ནའི་འགྲེམས་སྟོན་གནང་གི་ཡོད་པ་དེ་དག་ཕྱི་ལོ་ ༡༩༣༥ ལོ་ནས་བཟུང་འགྲེམས་སྟོན་ཁང་དེར་འགྲེམས་སྟོན་ཞུས་ཡོད་འདུག ཕྱི་ལོ་ ༡༩༩༠ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རབ་གནས་མཛད་པའི་བོད་པའི་མཆོད་ཤོམ་ཞིག་ཡོད་པ་དེའི་མཐར་སྐོར་དུ་ད་ཐེངས་འགྲེམས་དངོས་རྣམས་སྒྲིག་ཤོམ་ཞུ་འཆར་ཡོད་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་རེས་འགྲེམས་སྟོན་ཁང་དེར་ཆིབས་སྒྱུར་བསྐྱང་ཐེངས་བཞི་པ་ཆགས་ཀྱི་ཡོད་འདུག ཕྱོགས་མཚུངས་འདི་ལོའི་ཕྱི་ཟླ་ ༥ ཚེས་ ༨ ནས་ ༡༥ བར་འགྲེམས་སྟོན་ཁང་དེ་ནས་འགྲེམས་སྟོན་གནང་སྐབས་མི་མང་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་མ་ཎི་ལག་སྐོར་སོགས་འཚོང་འགྲེམས་གནང་རྒྱུ་ཡིན་འདུག་པ་བཅས། །
བོད་ཀྱི་ཅ་དངོས་སྒྱུ་རྩལ་འགྲེམས་སྟོན་གནང་སྟེ་ལོ་བརྒྱ་འཁོར་བའི་དུས་ཆེན་སྲུང་བརྩི་ཞུ་རྒྱུ་ཡིན་འདུག
གསར་གནས།
འབྲེལ་གནས།