༢༠༡༡ ཟླ་ ༢ ཚེས་ ༩ རེས་གཟའ་ལྷག་པ།
༄༅། །འདི་གར་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༦ ཉིན་ནིའུ་ཛི་ལན་ཌིའི་ཁུལ་དུ་རྟེན་གཞི་བྱས་པའི་རྒྱ་རིགས་དང་བོད་རིགས་དང་བླངས་ཤེས་ཡོན་ཅན་སྐོར་ཞིག་ནས་མཉམ་འབྲེལ་གྱིས་གོ་སྒྲིག་འོག གྲོང་ཁྱེར་ཨོག་ལན་ཌི་ནང་རྒྱ་བོད་མཛའ་འབྲེལ་མཐུན་ཚོགས་ཤིག་གསར་འཛུགས་གནང་ཡོད།
ཉིན་དེའི་མཛད་སྒོར་ས་གནས་བོད་མི་དང་རྒྱ་རིགས། བོད་དོན་རྒྱབ་སྐྱོར་བ། ཨོག་ལན་ཌི་རྒྱ་ཡིག་གསར་ཤོག་ཤིན་པའོ་ཞེས་པའི་རྩོམ་སྒྲིག་ཁང་གི་གསར་འགོད་པ་སོགས་ཁྱོན་མི་གྲངས་ ༣༠ ལྷག་མཉམ་ཞུགས་གནང་ཡོད་པ་རྣམས་ལ་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྒྱ་རིགས་འབྲེལ་མཐུད་པ་ཟླ་སྒྲོན་ལགས་ཀྱིས་མཉམ་ཞུགས་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུས་པ་དང་ལྷན་གསུང་དོན། གསར་དུ་འཛུགས་པའི་རྒྱ་བོད་མཛའ་འབྲེལ་མཐུན་ཚོགས་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བོད་རྒྱ་གཉིས་ཕན་གྱི་དབུ་མའི་ལམ་གྱི་དགོངས་དོན་དང་། བོད་རྒྱ་མི་རིགས་དབར་དོགས་པ་རྣམ་རྟོག་དང་གོ་ནོར། ཐེ་ཚོམ། ལོག་ལྟ་སོགས་སེལ་ཐབས་བྱ་རྒྱུར་ནུས་པ་ཐོན་རྒྱུ་ཡིན་པ་མ་ཟད་། རྒྱ་མི་རིགས་རྣམས་ནས་ཀྱང་བོད་ཀྱི་དངོས་ཡོད་གནས་སྟངས་དང་༸གོང་ས་མཆོག་གི་དགོངས་གཞི་བཅས་ལ་གོ་རྟོགས་ཡོང་ཐུབ་རྒྱུ་གལ་ཆེའི་ལས་དོན་ཞིག་ལའང་ངོས་འཛིན་བྱེད་ཆོག་ཅེས་གསུངས་རྗེས་རྒྱ་བོད་མཛའ་འབྲེལ་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་མི་རྣམས་ལ་དཀར་གཙང་མཇལ་དར་ཕུལ་ཡོད།
དེ་བཞིན་ཚོགས་པ་དེའི་ཚོགས་གཙོ་སྐུ་ཞབས་རིན་ཆེན་དོན་གྲུབ་ལགས་ཀྱིས། ཚོགས་པ་དེའི་དམིགས་ཡུལ་དང་མ་འོངས་པའི་ལས་འཆར་སྐོར་འགྲེལ་བརྗོད་གནང་དོན། རྒྱ་ནག་གཞུང་གིས་ངན་བྱུས་དང་འཁྱོག་བཤད་ཀྱི་གཡོ་ཐབས་སྣ་ཚོགས་སྤྱད་ནས་རྒྱ་བོད་མི་རིགས་དབར་ཁ་བྲལ་དང་འགལ་རྐྱེན་སྣ་ཚོགས་བཟོས་ཏེ། མི་མང་གི་སེམས་ཁམས་ལ་བཟོད་པར་དཀའ་བའི་རྨ་ཁ་ཞིག་བཟོས་ཡོད། དེར་བརྟེན་ང་ཚོས་༸གོང་ས་མཆོག་གི་དགོངས་གཞི་དང་རྒྱ་ཆེའི་བོད་མི་མང་གི་ཐག་གཅོད་གནང་བའི་གཉིས་སྨན་དབུ་མའི་ལམ་གྱི་རྩ་དོན་གཞིར་བཟུང་རྒྱ་བོད་མི་རིགས་གཉིས་དབར་ཕན་ཚུན་དོགས་པ་རྣམ་རྟོག་དང་། ཐེ་ཚོམ། ལོག་ལྟ་སོགས་སེལ་ཐབས་བྱ་རྒྱུ་དང་། དེ་བཞིན་མགོན་པོ་གང་ཉིད་མཆོག་གི་༸སྐུའི་འཁྲུངས་སྐར་དང་། གསུམ་བཅུའི་དུས་དྲན། དྲུག་བཞིའི་དུས་དྲན་བཅས་ཀྱི་མཚོན་དུས་ཆེན་དང་མཛད་སྒོ་ཁག་ལ་རྒྱ་བོད་མི་རིགས་གཉིས་མཉམ་ཞུགས་གནང་རྒྱུ་དང་། ལོ་གསར་གྱི་དུས་སྟོན་སྐབས་བོད་རྒྱ་མི་རིགས་གཉིས་བར་གཞས་སྣ་འཁྲབ་སྟོན་སོགས་ཕན་ཚུན་ངོ་སྤྲོད་དང་རྒྱུས་ལོན། དེ་བཞིན་ཡིད་ཆེས་ཡོང་ཐབས་བྱུ་རྒྱུ་ཡིན་ཞེས་འགྲེལ་བརྗོད་གནང་ཡོད།
ཡང་རྒྱ་བོད་མཛའ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ལོ་མང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་རྒྱ་རིགས་རྩོམ་པ་པོ་སྐུ་ཞབས་ཁྲན་ཝེ་ཅན་Chen WeiJian ནས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་རྒྱུན་དུ་བོད་རྒྱ་མི་རིགས་གཉིས་དབར་འཆམ་མཐུན་དང་ཡིད་ཆེས་ཇེ་ཆེར་སླེབས་ཆེད། བོད་རྒྱ་མཛའ་འབྲེལ་ཚོགས་པ་ཞིག་དགོས་གལ་ཆེ་བའི་བཀའ་སློབ་དང་ལམ་སྟོན་རིམ་པ་ཕེབས་དོན་ལྟར། ད་ཆ་ནིའུ་ཛི་ལན་ཌིར་རྒྱ་བོད་མཛའ་འབྲེལ་མཐུན་ཚོགས་དངོས་སུ་གསར་འཛུགས་གནང་ཐུབ་པ་བྱུང་ཡོད། མ་འོངས་པ་མཐུན་ཚོགས་ངོས་ནས་རྒྱ་མི་རིགས་རྣམ་པས་བོད་ཀྱི་དངོས་ཡོད་གནས་ཚུལ་དང་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་དགོངས་གཞི་གསལ་པོར་མཁྱེན་རྟོགས་ཡོང་སླད་འབད་བརྩོན་ཞུ་རྒྱུ་ཡིན་ཞེས་འགྲེལ་བརྗོད་གནང་ཡོད་པ་བཅས། །