༠༡༡ ཟླ་ ༢ ཚེས་ ༡༠ རེས་གཟའ་ཕུར་བུར།
༄༅། །འདི་ག་ཕྱི་དྲིལ་བོད་ཡིག་ཚན་པའི་གསར་འགོད་པས་ས་གནས་ནས་བཏང་གནས་ནང་འཁོད་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་ནུབ་ཕྱོགས་ར་ཇི་སི་ཐན་མངའ་སྡེའི་གྲོང་ཁྱེར་ཇོ་ཌ་པུར་རྒྱལ་པོས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ།
ཕྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༨ རེས་གཟའ་མིག་དམར་ཉིན་རྒྱབ་ཆུ་ཚོད་ ༡ ཙམ་ལ་ཇོ་ཌ་པུར་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས་རྒྱལ་པོའི་སྐུ་ཚབ་དང་བཙན་བྱོལ་བོད་མི་མང་སྤྱི་འཐུས་ཡེ་ཤེས་ཕུན་ཚོགས་ལགས། ཇོ་ཌ་པུར་གྲོང་ཁྱེར་གྱི་ཧིན་བོད་མཛའ་འབྲེལ་ཚོགས་པའི་བུད་མེད་ལྷན་ཚོགས་ཀྱི་(Bharat –Tibet Friends Group Mahila Wing District -Jodhpur) ཚོགས་གཙོ་ལྕམ་རེ་ཤམ་བྷ་ལ་ལགས་དང་ (Resham Bala) ཇོ་ཌ་པུར་བོད་མི་སུད་ཚོང་བའི་ཚོགས་གཙོ་བཀྲིས་སྒྲོལ་མ་ལགས་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
དེ་རྗེས་གནམ་ཐང་གི་ཕྱིར་བོད་མི་སུད་ཚོང་བ་གྲངས་ ༢༥༠ ཙམ་གྱིས་ལག་ཏུ་དཀར་གཙང་མཇལ་དར་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཏེ་ཇོ་ཌ་པུར་རྒྱལ་ཁང་གི་གཟིམ་ཆུང་ནང་གདན་འདྲེན་ཞུས་ཡོད། རྒྱལ་ཁང་དུ་༸ཞབས་སོར་འཁོད་མཚམས་ཇོ་ཌ་པུར་རྒྱལ་པོ་ག་ཇ་སིངྒ་མཆོག་དང་བཙུན་མོ་རྣམ་གཉིས་ཀྱིས་ཡུལ་སྲོལ་གྱི་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། ཕྱི་ཟླ་ ༢ ཚེས་ ༩་ཉིན་ཨ་ར་ཝ་ལི་སློབ་ཁང་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་ཇོ་ཌ་པུར་ཧ་རི་ཏཱ་ཇི་མགྲོན་ཁང་དུ་རྒྱལ་པོ་དང་ཨ་ར་ཝ་ལི་སློབ་ཕྲུག་དང་ལས་བྱེད། གཞན་ཡང་བོད་མི་སུད་ཚོང་བ། དེ་བཞིན་གསར་འགོད་པ་བཅས་ཁྱོན་མི་གྲངས་ ༤༠༠ ཙམ་ལ་དཔལ་ནཱ་ལེནྡྲའི་ལེགས་བཤད་སྐོར་བཀའ་སློབ་སྩལ་ཡོད། དེ་ཡང་མཛད་སྒོའི་ཐོག་མར་༸གོང་ས་མཆོག་༸ཞབས་སོར་འཁོད་མཚམས་སློབ་མ་ཚོས་དབྱངས་ཅན་མའི་ས་ར་སི་ཝ་ཏི་བསྟོད་ཚིག་གི་ཤིས་བརྗོད་བཏོན། དེ་རྗེས་མགྲོན་ཁང་གི་གཙོ་འཛིན་སྐུ་ཞབས་ཝི་ལ་སི་ལགས་ཀྱིས་སྐུ་མགྲོན་ཚོར་ཕེབས་བསུའི་གསུང་བཤད་གནང་།
དེ་ནས་ཇོ་ཌ་པུར་རྒྱལ་པོ་མཆོག་གིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་གྲུབ་བསྟུན། མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན། ངོས་ཀྱིས་འགྲོ་བ་མིའི་རིན་ཐང་དང་ཆོས་ལུགས་མཐུན་སྒྲིལ། བོད་ཀྱི་གནད་དོན་བཅས་འགན་ཁུར་གསུམ་གྱི་ཐོག་འབད་བརྩོན་བྱེད་བཞིན་ཡོད། ང་ཚོ་ཚང་མ་འགྲོ་བ་མི་ཞིག་ཡིན་པ་གཅིག་མཚུངས་ཆགས་ཡོད། ཕྱི་དངོས་པོའི་ཡར་རྒྱས་ཇི་ཙམ་ཡོད་ཀྱང་སེམས་ལ་བདེ་སྐྱིད་ཡོང་རྒྱུ་དེ་ནང་བསམ་བློའི་རིན་ཐང་བྱམས་པ་དང་བརྩེ་བ། བསམ་ཤེས། བཟོད་བསྲན་བཅས་གོང་མཐོར་གཏོང་དགོས་ཀྱི་ཡོད། རྒྱ་གར་ནང་སྲོལ་རྒྱུན་ནས་དར་བའི་ཆོས་ལུགས་མཐུན་སྒྲིལ་དང་འཚེ་བ་མེད་པའི་ལྟ་གྲུབ་དེ་དག་ནི་ད་ཆ་འཛམ་གླིང་འདིའི་སྟེང་ཧ་ཅང་འབྲེལ་བ་ཆེན་པོ་ཆགས་ཡོད། སྤྱིར་རྒྱ་གར་དང་བོད་ཀྱི་འབྲེལ་བ་དེ་དགེ་རྒན་དང་དགེ་ཕྲུག་གི་འབྲེལ་བ་ཡིན། ང་ཚོ་རྒྱ་གར་གྱི་དགེ་ཕྲུག་བློ་འགེལ་ཆོག་པ་ཞིག་ཡིན། གང་ཡིན་བརྗོད་ན་རྒྱ་གར་ནང་སངས་རྒྱས་ཀྱི་བསྟན་པ་འཕེལ་སྒྲིབ་སྣ་ཚོགས་བྱུང་སྐབས་ང་ཚོ་བོད་པ་ཚོས་དཔལ་ནཱ་ལེནྡྲའི་སྲོལ་རྒྱུན་ནས་དར་བའི་སངས་རྒྱས་ཀྱི་བསྟན་པ་དེ་འཛིན་སྐྱོང་སྤེལ་གསུམ་ཐོག་སྲེས་ལྷད་མེད་པར་ཉར་ཚགས་བྱེད་མུས་ཡིན། ཉེ་ལམ་ངོས་རང་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་ནང་ཡོད་པའི་བོད་པའི་དགོན་པ་ཁག་ཏུ་ནང་ཆོས་སློབ་གཉེར་བྱེད་མཁན་ཚོས་རྟགས་གསལ་གཏོང་སྐབས་བློ་ཡིད་ཚིམ་པོ་བྱུང་། རྒྱ་གར་ནང་བོད་པའི་དགེ་འདུན་པ་གྲངས་ ༡༠༠༠༠ ཙམ་དང་ཨ་ནེ་ ༡༠༠༠ ཙམ་ཡོད་པ་ཚོས་ཉིན་མཚན་འབྲེལ་ནས་དཔལ་ནཱ་ལེནྡྲའི་ལེགས་བཤད་ལ་སློབ་གཉེར་བྱེད་བཞིན་ཡོད། བོད་ལ་དུས་རབས་བརྒྱད་པའི་ནང་རྒྱ་གར་ནཱ་ལེནྡྲའི་མཁས་པ་སློབ་དཔོན་ཤན་ཏ་རཀ་ཤི་ཏ་དང་སློབ་དཔོན་པདྨ་འབྱུང་གནས་སོགས་ཕེབས་ཏེ་སངས་རྒྱས་ཀྱི་བསྟན་པ་དར་སྤེལ་མཛད་ཡོད། བོད་དང་རྒྱ་ནག ཉི་ཧོང་། ཀོ་རི་ཡ། ཝི་ཏི་ནམ་བཅས་ཀྱི་ནང་དར་བའི་ནང་ཆོས་དེ་ལེགས་སྦྱར་སྐད་ནས་བསྒྱུར་བའི་ཐེག་ཆེན་གྱི་གཞུང་ཡིན། ཤི་རི་ལངྒ་དང་ཐེ་ལན་ཌི་སོགས་ནང་དར་བའི་སངས་རྒྱས་ཀྱི་ཆོས་དེ་དག་པ་ལི་ནས་དར་བའི་གནས་བརྟན་སྡེ་པའི་ལུགས་ཡིན་ཞེས་སོགས་ཀྱི་བཀའ་སློབ་སྩལ།
ཕྱོགས་མཚུངས་མགོན་པོ་གང་ཉིད་མཆོག་གིས་སྐབས་དེར་སློབ་ཕྲུག་རྣམས་ལ་དམིགས་བསལ་བཀའ་སློབ་སྩལ་དོན། ང་ཚོ་དུས་རབས་ ༢༠ མི་རེད། དུས་རབས་༢༠ དེ་ཕྱིན་ཚར་བ་རེད། དུས་རབས་ ༢༠ དེ་ཕྱོགས་གཅིག་ནས་ཚན་རིག་དང་འཕྲུལ་ཆས་ཧ་ཅང་ཡར་རྒྱས་ཕྱིན་པས་ལོ་རྒྱུས་ཀྱི་འཕེལ་རིམ་ནང་ཧ་ཅང་གལ་གནད་ཅན་ཞིག་ཆགས་ཡོད་ཀྱང་། དུས་རབས་དེའི་ནང་དམག་འཁྲུག་འོག་མི་གྲངས་ས་ཡ་ ༢༠༠ ཙམ་དམར་གསོད་བཏང་ཡོད། ཁྱེད་ཚོའི་དུས་རབས ༢༡ མི་རབས་ཆགས་ཡོད། དུས་རབས་ ༢༡ པ་འདི་གྲོས་མོལ་གྱི་དུས་རབས་ཤིག་བཟོ་དགོས་པ་ངོས་ཀྱིས་དུས་རྒྱུན་བརྗོད་བཞིན་ཡོད། དཀའ་ངལ་དེ་དག་འགྲོ་བ་མི་རིགས་ཇི་སྲིད་ནམ་གནས་བར་གནས་རྒྱུ་ཡིན་པས་ད་ཆ་དཀའ་ངལ་དེ་དག་གྲོས་མོལ་དང་བསམ་ཤེས་ཀྱི་ཐོག་ནས་སེལ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ང་ཚོར་འཛམ་གླིང་འདི་རང་ལས་མེད། ཟླ་བའི་ཁང་བཟང་ཞེས་སྙན་ངག་ནང་མཛེས་པའི་དཔེ་མཚོན་ཙམ་དུ་བཀོད་རྒྱུ་ཡོད་ནའང་དེར་གསོན་པོར་འཚོ་རྒྱུའི་རྟེན་བྱེད་མི་ཐུབ། ད་ཆ་ང་ཚོ་དང་ཁོང་ཚོ་ཞེས་རང་ཕྱོགས་ལ་རྒྱལ་ཁ་དང་གཞན་ཕྱོགས་ལ་ཕམ་ཉེས་གཏོང་རྒྱུ་ཟེར་བའི་དུས་ཚོད་ཡོལ་ཟིན་པ་རེད། དེ་ལས་ལྡོག་སྟེ་འཛམ་གླིང་ཧྲིལ་པོ་འདིའི་ནང་སྡོད་མཁན་འགྲོ་བ་མི་ཚང་མ་ང་ཚོ་ཞེས་གཅིག་གྱུར་གྱི་འདུ་ཤེས་འཛིན་ཏེ་ལྟ་རྒྱུ་དེ་དུས་ཀྱི་འོས་འཚམ་ཞིག་ཆགས་ཡོད། དཔེར་ན། ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ལྟ་བུར་མཚོན་ན་རྒྱལ་ཁབ་བྱེ་བྲག་པ་སོ་སོ་ཁེ་གཙང་སྡོད་པ་ལས་མཉམ་གནས་ཐོག་གནས་ན་དགེ་མཚན་ཆེ་བ་ཡོད་པ་ར་འཕྲོད་གསལ་པོ་ཆགས་ཡོད། དེ་བཞིན་ང་ཚོ་བོད་མི་ཚོ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་གནས་བྱས་ན་དཔལ་འབྱོར་སོགས་ཀྱི་དགེ་མཚན་ཆེ་བ་ཡོད། ཕྱི་དངོས་པོའི་ཡར་རྒྱས་ཀྱི་ཐོག་ནས་བརྗོད་ན་བོད་དེ་རྗེས་ལུས་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ་གྲུབ་བསྟུན་དགེ་ལས་སློབ་མ་དྲུག་ཙམ་གྱི་དྲི་བར་བཀའ་ལན་མཛད། དེ་རྗེས་༸གོང་ས་མཆོག་གི་དབུས་སྐུ་མགྲོན་མི་སྣ་ལྔ་ལ་རྒྱལ་པོ་མཆོག་གིས་ཕྱག་རྟགས་ཕུལ་ནས་རྒྱ་གར་གི་རྒྱལ་གླུ་བཏང་སྟེ་མཛད་སྒོ་གྲོལ།།